མཚན་གཞུང་གི་རེ་སྒུག

ཁ་བ་ལྷ་མོ།        2017-12-20

ཟླ་བའི་ཟེགས་མ་མཁའ་ན་འཕྱོ་བའི་ལྷིང་འཇགས་ཀློང་གི་མཚན་མོ་འདིར། །

གཡང་གི་སྦྲ་ནག་གྲུ་བཞིའི་ཁྱིམ་ན་སྟོང་འདང་རྒྱག་པའི་བདག་མོ་ཞིག །

སྐར་ཁུང་གྲུ་བཞིའི་སྒོ་མོ་བརྒྱུད་ཅིང་ལང་ཚོའི་མཆོད་པ་ཕྱོགས་སུ་སྟོར། །

མཆི་མའི་དོག་པ་གདོང་ནས་འཐོར་ཞིང་ཚར་དཀར་ལྭ་བའི་གོང་ཁ་བརླན། །

གངས་དཀར་སེམས་ཀྱི་སྤང་ལྗོངས་གཞི་ནས་ལྷད་མེད་བརྩེ་བའི་འཇའ་གུར་ཕུབ། །

སྒོ་ཁྱིའི་ཟུག་སྐད་རྣོན་པོའི་གསེབ་ནས་རེ་སྒུག་འབུམ་གྱི་མེ་ཏོག་འཐུ། །

དཔྱིད་རླུང་བསིལ་མའི་དབུགས་རྒྱུན་ཁྲོད་ནས་ཟླ་བ་གཞོན་ནུར་རྨི་ལམ་གླེང་། །

དྲན་གདུང་ན་ཟུག་སེམས་ལ་བཏབ་ཅིང་ཞག་གཅིག་དུས་ཀྱི་ཕྱེད་ཀ་ཡོལ། །

རྒྱང་གི་འབོད་པ་སེམས་ཀྱིས་ཐོས་ནས་ལྷ་ཚོགས་སྟོང་ལ་གྲང་འདར་རྒྱག །

སྐར་ཚོམ་ཁྱུ་གཅིག་སྐྱེས་སུ་ཕུལ་ཅིང་ཁྱོད་རང་བདག་གི་མགྲོན་དུ་མངགས། །

ལྷང་ལྷང་གྲགས་པའི་གཡུ་འབྲུག་སྔོན་མོས་ཁྱོད་ཀྱི་གླུ་སྐད་ཁྱེར་ཞིང་འོང་། །

ཟམ་ཟིམ་འབབ་པའི་ཆར་རྒྱུན་དྭངས་མོས་ཁྱོད་ཀྱི་སྙིང་གཏམ་ཁུར་བཞིན་འོང་། །

ལས་ཀྱི་སྨོན་ལམ་ལན་གཅིག་གྲུབ་ནས་མཛའ་གཅུགས་ཕོ་མོ་དར་ཅིག་འཛོམས། །

དགའ་བའི་གར་ལ་ཡུན་གྱིས་རོལ་ཅིང་དགོད་པའི་འཛུམ་ཆུང་གདོང་ན་གསལ། །

སྙན་པའི་གླུ་ཞིག་གྲེ་བར་བསྐྱིལ་ཅིང་དལ་མོས་དབྱངས་སུ་གྱེར་སྙམ་ཡང་། །

མི་རྟག་སྒྱུ་མའི་རྨི་ལམ་ཡིན་པའི་གསལ་བརྡ་སྐྱ་རེངས་བུ་མོས་བཏང་། །

 


  • ལེ་ཚན་སྔོན་མ།:གསང་བ་ལྐོག་གྱུར་གྱི་ཁྱེད།
  • ལེ་ཚན་རྗེས་མ།:སྐད་འཕྲིན།