བཀའ་གདམས་མེས་པོའི་ཕ་ས།

ཤར་ཚ།        2017-12-18

འདི་ནས་ས་ཐག་ཡུལ་དགུས་ཆོད་པའི་གནས།།

ཉི་མའི་གཟེགས་མས་བརླན་པའི་ཕ་ཁྱིམ་སྟེ།།

དཀར་མོ་ལྗོངས་ཞེས་རིག་པའི་ཡུལ་ཆེན་པོར།།

ཞེན་ཆགས་སེམས་ཀྱི་མཆི་མ་ཤག་ཤག་བབས།།

 

ཕྱི་ཡི་སྣོད་ལ་བསམ་ན་དག་པའི་ཞིང་།།

ནང་གི་བཅུད་ལ་བལྟས་ན་རིག་པའི་གཏེར།།

སྣོད་བཅུད་རྟེན་འབྲེལ་ཅན་གྱི་དཀར་མོ་ལྗོངས།།

སྔར་ནས་ད་བར་བོད་ཀྱི་རྒྱན་དུ་ཆེ།།

 

མྱང་དབའས་སྣྲོན་གྱིས་གཙོས་པའི་མེས་པོ་ཚོས།།

བཙན་པོའི་ཆིབས་ཁ་ཡར་མོ་ལུང་ནས་བླངས།།

ནང་དམེའི་སྲོལ་ངན་སྦྲུལ་གྱི་མདུད་པ་བཤིག།

རིགས་མཐུན་དཔུང་པ་དགུང་གི་མཐོངས་སུ་བསྟེགས།།

 

ངས་སྟོད་ད་ཡུལ་གཡང་རའི་སྒང་གཞུང་གི།

བློ་སྤོབས་དགུང་ལས་མཐོ་བའི་ད་རྒྱལ་རྗེས།།

སོ་དྲུག་ཁོད་ཀྱི་ཁྲིམས་ཁ་ཞིབ་ཏུ་བཤམས།།

བཙན་པོའི་སྲིད་ལ་ཁྲིམས་ཀྱི་ཕྲ་རྒྱན་བཏབ།།

 

པྱ་ཕུའི་ཐང་ལས་འཁྲུངས་པའི་མགར་གྱི་རྒྱུད།།

སྟོང་བཙན་འོད་སྲུང་དགྲ་འདུལ་གཉེན་སྐྱོང་བུས།།

བཙན་པོ་ཞབས་ནས་བཏེགས་ཏེ་གསེར་ཁྲིར་བཀོད།།

རྒྱལ་རྒྱུད་གསེར་ཐག་རིང་མོའི་ཆད་ཁ་གསབ།།

 

མགར་དབའས་རྒྱུད་ཀྱིས་བཙན་པོའི་དམག་དཔོན་བྱས།།

གསུམ་གཉིས་ས་ཡི་དཀྱིལ་འཁོར་དབང་དུ་བཟུང་།

རྒྱལ་མཁར་མཐོ་ལ་རྒྱལ་ཁྲིམས་དམ་ཞེས་སོགས།།

སྲིད་པའི་གླེགས་བམ་ཀུན་ན་མགྲིན་གཅིག་སྨྲ།།

 

སྐ་བའི་རུས་ལས་འཁྲུངས་པའི་དཔལ་བརྩེགས་ཏེ།།

བསིལ་ལྗོངས་སྒྲ་བསྒྱུར་རབ་དགུའི་བྱེ་བྲག་པས།།

མདོ་སྔགས་བསྟན་བཅོས་རི་བོའི་སྤོ་ལྟར་བསྒྱུར།།

གངས་ལྗོངས་མུན་པའི་གླིང་ལ་སྒྲོན་མེ་བཏེགས།།

 

དབའས་རྒྱུད་གསལ་སྣང་དང་ནི་དཔལ་དབྱངས་གཉིས།།

སད་མི་བདུན་གྱི་དབུས་ན་བརྗིད་ཀྱིས་འགྱིངས།།

སྒང་པ་བོད་ལ་ཆོས་ཀྱི་ཆར་ཆེན་ཕབ།།

བོད་མིའི་རྒྱུད་ལ་བྱམས་ཀྱི་བདུད་རྩི་བསྙིལ།།

 

འཕན་ཡུལ་སྤྲས་ཀྱི་བྲ་བོ་ཐང་ཆེན་དུ།།

དགེ་བཤེས་པོ་ཏོའི་སྐུ་ཡི་མྱུ་གུ་འཁྲུངས།།

དབེན་གནས་པོ་ཏོ་དགོན་གྱི་ཡང་སྟེང་ནས།།

བཀའ་གདམས་པ་ལ་དཔེ་ཆོས་མེ་ཏོག་འཁྲུངས།།

 

ཤ་ར་གླང་ཐང་ཕུ་བྱུང་སྣེའུ་ཟུར་སོགས།།

བགྲང་གིས་མི་ལང་བུ་སློབ་དུ་མ་ཡིས།།

ངས་ཡུལ་མཁའ་ལས་བསྟན་པའི་འོད་སྣང་སྤར།།

ཆེན་པོའི་བོད་ལ་ཆོས་ཀྱི་ཟེགས་མ་གཏོར།།

 

པ་ཚབ་ལོ་ཙཱ་ཉི་མ་གྲགས་པ་དང་།།

འབའ་རོམ་དར་མ་དབང་ཕྱུག་ཞེས་པ་སོགས།།

རྒྱལ་སྲས་ཚུལ་མངའ་བླ་མ་དྲིན་པོ་ཆེའི།།

མཛད་འཕྲིན་སྨྲས་ན་བགྲང་གིས་ག་ལ་ལང་།།

 

དེ་ལྟར་དུས་དང་བསྐལ་པའི་བར་ཆོད་ཅིང་།།

བློ་དང་རིག་པ་གནམ་སའི་ཁད་ཆེ་ཡང་།།

རིགས་ཞེན་དངས་བས་བཅིངས་པའི་བློ་སྦུབས་སུ།།

བཀའ་གདམས་མེས་པོའིི་གཞིས་ཀྱི་དྲོད་ཁོལ་དྲན།།

 

རླུང་དམར་ཐང་ལ་བརྡབ་པའི་གཞན་ཡུལ་ནས།།

སེམས་ཀྱི་ཆུ་འབུར་ཟེར་བའི་ཟུག་ངུའི་སྒྲ།།

ས་ཐག་ཡུལ་དགུས་ཆོད་པའི་འཕན་ཡུལ་དུ།།

མཚན་མོའི་ཤོག་པའི་སྟེང་ལ་བཀོད་ནས་སྤྲིངས།།


  • ལེ་ཚན་སྔོན་མ།:གསེར་དངུལ་ཐང་ན་ངའི་དྲན་ཤིང་ལུས་ཡོད།
  • ལེ་ཚན་རྗེས་མ།:དགེ་རྒན་ལ་བསྟོད་པ།