གཡང་གི་མཚོ་མོ་རང་འཁྱིལ།

གཡང་མཚོ།        2017-12-01

རྣམ་ཤེས་ཀྱི་དྭངས་མ་ཞིག་ཟླ་བའི་འཛུམ་མདངས་ལ་ཞེན་ནས།

ལྷའི་རྫིང་རིང་ལ་འོ་མའི་མདངས་སུ་འཁྱིལ།

དྲན་ཤེས་ཀྱི་རྣམ་རིག་ཅིག་སྤྲིན་པའི་སྒལ་གཞུང་ལ་བཞོན་ཏེ།

ཁ་བ་གངས་རི་དཀར་པོའི་དབུ་རྩེ་ལ་འཁྱུད།

ལྷག་བསམ་གྱི་རང་མདངས་ཤིག་ཁ་ཆར་དང་འགྲོགས་པས།

གངས་རིའི་མུ་ཁྱུད་ཀྱི་ནང་ངོས་སུ་འཐིམས།

མཁའ་དབུགས་ཀྱི་རྒྱུ་བ་ཡངས་ཤིང་།

གཙང་ཆུ་ཡི་བཞུར་སྒྲ་སྙན་ལ།

རླུང་བུ་ཡི་འཕུར་སྐྱོད་མྱུར་བའི་ཡུལ་གྲུ་ཞིག་ན།

བརྩེ་ཞེན་ཞིག་གི་རེ་སྨོན་ལྟར་འཁྱམས་ནས་བལྟམས།

འདོ་བ་རྟ་ཕོ་འཚེར་སྙན་ཞིག་གི་ལོ་རྟགས་བཞག་ཅིང་།

གཡང་དཀར་བལ་ཁ་འཇམ་པོས་སྣེ་ལེན་མཛད་དེ།

བྱམས་ལྡན་རླབས་ཆེན་གཉིས་ཀྱིས།

འཁང་ར་དང་ལེ་བདའ་མེད་པར།

ཁ་གཡང་གི་སྦྲང་ཆར་ཕབ་ཅིང་།

ལོ་ལེགས་ཀྱི་སྙེ་མ་མཆོད་ནས།

འདི་ལྟར་ཡན་ལག་ཅིག་ལ་གསོན་ཤུགས་སྟེར།

ཕུགས་འདུན་ཞིག་ལ་གཤོག་སྒྲོ་བཙུགས།

ཤེས་བྱའི་ནམ་འཕང་དུ།

ཀ་ཁ་དབྱངས་ཀྱི་སྲོག་རྟེན་ལ་བརྒྱུས་ཏེ་འདོན་ཞིང་།

སུམ་རྟགས་ངག་གི་གདངས་ལ་བཞོན་ཏེ་སྤྲད།

སྙན་ངག་ལ་སོགས་ཚོར་བའི་རོལ་མོས་བརྒྱན་ཏེ།

རིག་པའི་རྒྱ་མཚོ་རུ་ནོར་བུ་ལ་སྤྲུལ་དུས།

བདག་ནི་ཕ་མའི་རེ་ལྟོས།

ན་ཟླའི་དཔུང་གྲོགས།

རིགས་རུས་ཀྱི་མགྲིན་དབྱངས་སུ་སྨོན།

སྐབས་དེར།

ཕ་ཁྱིམ་ན་སྔར་ལས་ལྷག་པའི་དགོད་སྒྲ་ཞིག

སྡེ་བ་ན་སྔོན་མེད་ཀྱི་ཁ་གཡང་ཞིག་གིས།

ཆུ་མོ་དང་འགྲོགས་ཏེ་བཞུར་ཡོང་།

ཆུ་མོ་དང་འདྲེས་ཏེ་བརྒྱུག་ཡོང་།

ཆུ་མོ་དང་ལྷན་དུ་སོང་ནས།

སྐྱེས་འགྲོའི་སྐྱིད་སྡུག་གི་གྲུ་ཟུར་ན།

བདེན་དོན་དང་ཡིད་ཆེས་ཀྱི་སྙན་གསང་ཞུས་ཤིང་།

རྒྱུ་འབྲས་དང་སེམས་ཤུགས་ཀྱི་ལེགས་སྐྱེས་ཕུལ་ཏེ།

རིན་ཐང་དང་མཛེས་སྤྱོད་ཀྱི་ཕྱྭ་གཡང་བཀུགས་ནས།

ཤེས་རིག་དང་ལོངས་སྤྱོད་ཀྱི་མཚོ་མོ་བསྐྱིལ་བར་རེ།


  • ལེ་ཚན་སྔོན་མ།:ཡིག་འབྲུའི་གཞས་ཆུང་།
  • ལེ་ཚན་རྗེས་མ།:རྨི་ལམ་ནང་གི་གཅེས་ཕྲུག