སྟོན་མཇུག་གི་ས་སྲོད།

ཤར་ཚ།        2017-11-23

སྔོ་ལྗང་ལོ་འདབ་སྙིང་རྩ་གྲང་རླུང་གིས་བཅོམས་པས།།

ཕྱེ་ལེབ་བུང་བའི་མགྲིན་སྒྲ་ས་མཐའ་རུ་གྱར་སོང་།།

གྲང་ལྷག་འུར་འུར་སྒྲོག་པའི་ན་ཟུག་གི་འཁུན་སྒྲ།

ཁེར་པོར་ལུས་པའི་སྟོན་འཇུག་སེམས་པ་དང་འདྲ་བྱུང་།།


ས་སྲོད་མུན་པའི་དགྲ་བོས་མགོ་ཐོག་ནས་མནན་ཅིང་།།

མཛེས་ལྡན་སྣང་བའི་ཞིང་ས་ཡུལ་གྱར་དུ་ཆས་ཚེ།།

ནུབ་ཕྱོགས་མཚམས་སྤྲིན་དམར་པོའི་ཁེར་དགོད་ལ་གཅེར་མཁན།།

ན་ཟུག་འཁྱགས་ཀྱིས་བཅིངས་པའི་སྦྲང་བུ་དང་ང་གཉིས།།


ཉི་མའི་འོད་སྣང་ནུབ་ཕྱོགས་ཆུ་ལྷ་རུ་གཤེགས་པས།།

ཟླ་འོད་མིག་ཆུས་འཛིན་མའི་ཕང་བ་དག་བརླན་བྱུང་།།

ལྷིང་འཇགས་ཁ་ཁུ་སིམ་པའི་ས་སྲོད་ཀྱི་དུས་འདིར།།

ཟླ་འོད་གོར་མོའི་མིག་ཆུ་འཐུང་སྙིང་རེ་འདོད་ཀྱིས།།


འཆར་ཡན་སྟོང་ཕྲག་འཛིང་པའི་ས་སྲོད་ཀྱི་དུས་འདིར།།

སྟོང་བསམ་མཐུག་པོའི་མལ་ཆས་རྒལ་པ་རུ་གྱོན་ནས།།

བསམ་གཞིགས་མང་པོའི་རྔས་མགོ་མགོ་འོག་ཏུ་བཅུག་སྟེ།།

མཚམས་སྤྲིན་དམར་པོ་ལྡིང་བའི་ཞིང་ཁམས་ལ་ཆས་འགྲོ།


  • ལེ་ཚན་སྔོན་མ།:ས་རུབ་ཐེངས་རེར།
  • ལེ་ཚན་རྗེས་མ།:རང་གིས་རང་ལ་གྲོས་འདེབས་པ།