སྟོན་དུས་ཀྱི་ལྟད་མོ།

ཁ་བ་རྐང་གླིང་།        2017-11-13

པད་མའི་ཁྲི་འཕང་སྟེང་ལ་བཞུགས་མཛད་ཅིང་།

ཕྱག་ཏུ་རྒྱུད་སྟོང་འགྱུར་བག་རྒོད་པོ་བསྣམས།།

དྲི་ཟའི་བུ་མོར་སྐྱེངས་པ་སྟེར་མཁན་མ།།

ཚངས་སྲས་བུ་མོར་གུས་པས་ཕྱག་གསུམ་འབུལ།།

 

ངག་གི་དཔལ་ལ་དབང་འབྱོར་མཚོ་བྱུང་མ།།

གུས་པས་ལག་ཟུང་ཡར་ལ་བཏེགས་ནས་ནི།།

པི་ཝང་ལེན་པར་ཆས་སོ་ལྷ་མོ་ཀྱེ།།

གཙང་མའི་པང་ལ་གཡོར་ཤོག་ལྷ་གཅིག་མ།།

 

ཀུན་གསལ་བུ་མོས་ཆུ་འཛིན་གསར་པ་འཐེན།།

སྐྱེ་བསེར་རླུང་བུ་ག་ལེ་ག་ལེར་བསུས།།

འབྲས་ལྡན་དུས་ལ་སླེབས་པའི་སྔོན་བརྡ་ཞིག

སྦས་པའི་ངང་ནས་འབྱོར་བ་མིན་ནམ་ཀྱེ།།

 

ས་འཇིན་བུ་མོས་སེར་མདོག་གོས་ལྭ་གྱོན།།

གོས་ལྭ་མཛེས་པོ་འདྲེན་བྱེད་ཡུལ་དུ་འཚེར།།

ཞིང་པ་རྒན་པོར་ལོ་འབྲས་སྨིན་ནོ་ཞེས།།

ལྟ་བྱེད་དབང་པོར་དྲན་སྐུལ་བྱེད་པ་འདྲ།།

 

སྙེ་མའི་མགོ་ལྕོག་ཐུར་ལ་དུད་ནས་འདུག

བསིལ་རླུང་འཇམ་པོ་དལ་བུར་ལྡང་བའི་ཚེ།།

རྒྱ་མཚོའི་རླབས་བཞིན་གཡོ་བས་ལྟད་མོ་བཟི།།

སེམས་པས་བསམ་པའི་ཚེ་ན་ཕ་ཡུལ་དྲན།།


ལང་ཚོ་དར་ལ་བབས་པའི་ཕོ་མོ་ཚོས།།

ཐོ་རེངས་མལ་ལས་ལངས་ཏེ་ཞིང་ས་རུ།།

སྐྱིད་པོའི་དབྱངས་ལ་བཀུགས་ཏེ་ལོ་ཏོག་བརྔས།།

ཚག་ཚག་ཤོབ་ཤོབ་ནས་ཀྱི་དྲི་ཞིམ་བྲོ།།

 

དེང་རབས་འཕྲུལ་གྱི་མེ་ལོང་གསར་པ་ལས།།

རླངས་འཁོར་འདྲ་མིན་སྣ་ཚོགས་ནང་དུ་ཡང་།

ལོ་འབྲས་ལེགས་པོ་བླུགས་ནས་སྐྱོད་པ་འདི།།

མཁའ་ལ་འཁྱུག་པའི་གྲུ་བཞིན་རང་ལམ་བསྙེགས།།

 

གཡུལ་གཅོག་ལས་སོ་རྩྭ་དང་འབྲུ་དཀར་དབྱེ།།

ནང་ལ་བླུགས་པའི་སྒོ་ཟོག་སེམས་ཅན་ལ།།

སྙིང་རྗེའི་སྒོམ་པ་ཆེན་པོས་གཟིགས་པ་འདྲ།།

ཡ་མཚན་འཕྲུལ་གྱི་བུ་མོས་གཡུལ་ལོ་བྱེད།།

 

ཞིང་ཐང་ཡངས་པོའི་ངོས་ལ་ཟུག་སྐྱ་ན།།

ལྡིང་བཞིན་འདུག་ལ་མཆོང་བཞིན་འདུག་པའི་ནོར།།

སྐྱིད་པའི་གཞས་ཆུང་ལེན་ལ་བྲོ་གར་འཁྲབ།།

བདེ་བའི་བདེ་སྐྱིད་ཟེར་བར་ལོངས་རེ་སྤྱོད།།

 

མཚར་སྡུག་འབྲས་ལྡན་དུས་ཀྱི་ལྟད་མོ་འདི།།

གཅིག་མིན་གཉིས་མིན་ལན་མང་བལྟས་ཀྱང་རུང་།།

སེམས་འབྱུང་འདི་ལ་ངོམ་པ་མི་འདུག་གོ།།

འདྲེན་བྱེད་འདི་ལ་ངལ་བ་མེད་པ་འདྲ།།


  • ལེ་ཚན་སྔོན་མ།:སྟོན་རླུང་ཟད་པོ།
  • ལེ་ཚན་རྗེས་མ།:རྒྱང་ལྟའི་འཛུམ་མདངས།