སྟོན་རླུང་ཟད་པོ།

ཞི་འཚོལ།        2017-11-13

སྟོན་ཟླ་སྒོར་མོ་ཆུ་འཛིན་གསེང་ནས་འཛུམ།

སྡོང་ལོ་སེར་པོ་བསིལ་རླུང་ཡང་མོས་དེད།

རྩོད་རའི་དྲོད་ཁོལ་སྟོན་མཇུག་ལྷགས་པས་བཅོམ།

རས་གཟན་རྐྱང་པས་བཙག་རླུང་མི་འགོག་ཀི

 

ལྗང་མདོག་སྒེག་མོས་གསེར་ལྡན་ལྭ་བ་བརྗེས།

ས་འཛིན་རྩེ་མོའི་མཐོངས་ཡངས་གངས་ཀྱིས་བཟུང་།

འདབ་བཟང་དབང་པོའི་གཤོག་སྒྲོ་འཁྱག་གིས་གཞོམ།

སྟོན་ཀའི་འཐོར་རླུང་དྲག་པོ་གང་སར་གཡུགས།

 

རྐང་དྲུག་འཕུར་ལྡིང་རོལ་རྩེད་འཇམ་པོར་གྱུར།

པད་མོའི་འདབ་ལོ་ས་རྡུལ་གསེབ་ཏུ་བྱིངས།

སྟོན་རླུང་ཟད་པོས་གནག་ཕྱུགས་འདར་ཡོམ་བྱེད།

རྫི་བོ་གཞོན་ནུའི་སྐད་ངག་རླུང་གིས་འཁྱེར།

 

དབེན་གསུམ་དག་པའི་ཞིང་གི་གླིང་ག་ན།

འགྲན་རྩོད་ཐོབ་ཤོར་དུག་གིས་མ་བསླད་པའི།

རང་བཞིན་བག་ཕེབས་གནས་པའི་སྒོམ་ཆེན་དང་།

རི་སྐྱེས་རི་དྭགས་ཚོགས་ཀྱིས་ཉི་མ་ལྡེ།

 

ཕ་མཐའ་གཞལ་མེད་ཀུན་གསལ་བུ་མོའི་ལྟོར།

ལན་ཆགས་སྟོང་གི་རྒྱུ་སྐར་ཁྲ་ཚོམ་དག

ཞོགས་ཀའི་མཚམས་སྤྲིན་གསེང་ནས་དབྱིངས་སུ་ཡལ།

སྟོན་རླུང་ངར་པོས་སྡོང་ལོ་གང་སར་སྤུར།

 

སྒེའུ་ཁུང་དཀྱིལ་ནས་དུང་ཟླའི་དཔལ་ལ་ཅེར།

སེམས་གཤིས་སྙོམ་པོས་དྲིན་ཅན་ཕ་ལོ་དྲན།

ཁྲ་ཆུང་མིག་ཀོང་མཐའ་རུ་མཆི་ཞགས་འཁྱིལ།

སྟོན་གྱི་ཟླ་བ་སྐྱོ་གདུང་འཕེལ་དུས་ཤིག

 

ཆར་ཀྱི་པད་མོ་གངས་ཀྱི་འདབ་མར་སྤྲུལ།

སེམས་ཀྱི་པད་མོར་འཁྱག་གི་ཐིགས་པ་ལྷུང་།

ཉག་གའི་ཐད་ནས་ཉི་མ་ཁོག་འདར་ཤོར།

ཞོགས་པའི་དུ་ལྗང་བ་མོའི་ཁ་རླངས་འཁྲུལ།


  • ལེ་ཚན་སྔོན་མ།:ཚེ་སྲོག་ལ་བརྒྱུས་པའི་མཐོ་བོད།
  • ལེ་ཚན་རྗེས་མ།:སྟོན་དུས་ཀྱི་ལྟད་མོ།