བསམ་ཡས་དང་ཟན་ཡང་ཞེས་པའི་མིང་གི་བྱུང་ཚུལ།

བཀྲ་ཤིས་ཀྱིས་བསྡུ་སྒྲིག་བྱས།        2012-05-31

བསམ་ཡས་གཙུག་ལག་ཁང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོ་ཏི་ས་ཏཱདང་ཨོ་རྒྱན་པད་མ་འབྱུང་གནས་གཉིས་བོད་དུ་གདན་འདྲེན་ཞུས་ཏེ་བཞེངས་གྲུབ་མཛད་པ་ཞིག་ཡིན་ཞིང་དེ་ནི་ཆོས་འཁོར་གསུམ་གྱི་ཡ་གྱལ་བསྟན་པ་སྔ་དར་གྱི་དམ་པའི་ཆོས་དར་ཡུལ།རྒྱ་གར་གྱི་ལོ་པཎ་མང་དུ་བྱོན་ཏེ་རྒྱ་དཔེ་མང་དུ་བསྒྱུར་བའི་གནས་མཆོག གཞི་རྒྱ་ཆེ་ལ་དཔང་མཐོ་བ།རྒྱུ་བཟང་ལ་བཀོད་པ་ལེགས་པ།རྗེའི་ཐུགས་དམ་དང་འབངས་ཀྱི་མཆོད་གནས།དཀོན་མཆོག་གི་ཞིང་ཁམས།དགེ་འདུན་གྱི་བཞུགས་གནས་ཡིན་པ་བཅས་མཛེས་མཚར་ཁྱད་དུ་འཕགས་པའི་རང་བཞིན་དང་ལྡན་པའི་གཙུག་ལག་ཁང་ཞིག་ཡིན།དེ་ལ་འབོད་མིང་མི་འདྲ་བ་འགའ་རེ་ཡོད་པ་ལས་རྒྱས་པ་ནི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དང་ཟན་ཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་།ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་སོགས་བརྗོད།དེ་ལ་འགའ་ཞིག་གིས་བསམ་ཡས་ཞེས་པ་ནི་ཟན་ཡང་སྟེ་རྒྱ་སྐད་ཀྱི་སྒྲ་འགྱུར་བའམ་ཉམས་པ་ལས་བྱུང་ཟེར།འོན་ཏེ་ད་ལྟའང་བསམ་ཡས་ཡུལ་མིའི་དབུས་སུ་གནས་པའི་བཤད་རྒྱུན་ཞིག་ལ་ཁོ་བོ་འཐད་སྟེ།དེ་ཡང་ད་ལྟའི་བསམ་ཡས་གཙུག་ལག་ཁང་ཁུལ་ལ་སྔར་བྲག་མར་འོམ་བུའི་ཚལ་ཟེར་ཞིང་བྲག་མར་ནི་བཙན་པོའི་རྒྱལ་རབས་སྐབས་བཙན་པོའི་ཕོ་བྲང་གི་གནས་ཡུལ་ཡིན་པ་དང་།རྒྱལ་པོའི་ལོ་ལྟར་ས་ཆ་དེར་མཐུན་འབྲེལ་གྱི་འདུན་མ་སྐོང་ཚོགས་བྱེད་ཅིང་རྩྭ་ཆུ་འཛོམས་ལ་འོམ་བུའི་ཤིང་གིས་གང་བའི་ཡུལ་ལྗོངས་མཛེས་སྐྱིད་ཀྱི་དཔལ་དང་ལྡན་པ་ཞིག་ཡིན་པས་བོད་རྗེ་ཁྲི་སྲོང་ལྡེ་བཙན་གྱི་ཐུགས་དགོངས་ལ་དེར་གཙུག་ལག་ཁང་ཞིག་བཞེང་དགོས་སྙམ།འོན་ཀྱང་།གཙུག་ལག་ཁང་ཇི་ལྟ་བུ་ཞིག་བཞེངས་བསམ་ཡིད་ལ་མེད་པས་དེར་སློབ་དཔོན་པད་མ་འབྱུང་གནས་ཀྱིས་ས་དཔྱད་ཀྱི་བརྟག་པ་ལེགས་པར་གྲུབ་རྗེས་དབུ་རྩེ་རིགས་གསུམ་ལ་སོགས་རྒྱ་གར་གྱི་ཡོན་ཏན་པུ་རིའི་གཙུག་ལག་ཁང་ལ་དཔེ་བྱས་པའི་དཔེ་རིས་བཀོད་པ་ཕུལ་དུ་བྱུང་བ་ཞིག་རྒྱལ་པོ་ལ་སྤྱན་འབུལ་ཞུས་པས་རྒྱལ་པོའི་ཐུགས་དགོངས་ལས་འདས་ཤིང་འཕགས་པར་བྱུང་བས་ཁོང་གིས་དེ་ལྟ་བུ་ཞིག་བྱུང་ན་ངའི་བསམ་པ་ལས་འདས་ཞེས་གསུངས་པས་བསམ་པ་མཐའ་ཡས་པའི་ཕྱིར་དེར་བསམ་ཡས་ཞེས་སུ་གྲགས།ཕྱིས་སུ་གཙུག་ལག་ཁང་གི་མིང་ཡུལ་གྱི་མིང་དུ་ཕར་མཆེད་པའང་གོར་མ་ཆག དེས་ན།ཟན་ཡང་ནི་རྒྱ་ནག་གི་སྐད་བོད་སྐད་དུ་དོན་བསྒྱུར་མ་བྱས་པར་སྒྲ་རང་སོར་བཞག་པས་ཟན་ཡང་དང་བོད་ཀྱི་སྐད་དུ་དོན་བསྒྱུར་བྱས་ཚེ་ལུགས་གསུམ་དུ་བརྗོད།ཡང་ལུགས་གསུམ་ཟེར་དགོས་དོན་ནི་གཙུག་ལག་ཁང་དེ་སྡེ་སྣོད་གསུམ་དང་གསང་སྔགས་རྒྱུད་བཞིའི་དཀྱིལ་འཁོར་གྱི་བཞེད་པ་ཡོངས་སུ་ཚང་བ་དང་མཐུན་པའི་ཕྱིར་འོག་ཁང་བོད་ལུགས་ཀྱི་བཀོད་པ་དང་བར་ཁང་རྒྱ་ནག་གི་ལུགས་སུ་གྲུབ་པ།སྟེང་ཁང་རྒྱ་གར་བའི་ལུགས་སུ་བཞེངས་པ་ལས་མིང་ཡང་ལུགས་གསུམ་དུ་འབོད་པ་ཡིན་ནོ།།
 
  • ལེ་ཚན་སྔོན་མ།:བདེན་རྫུན་ཤན་འབྱེད།
  • ལེ་ཚན་རྗེས་མ།:བོད་ཀྱི་གཏམ་དཔེ་འགའ་ཞིག་གི་འབྱུང་ཁུངས་སམ་བྱུང་ཚུལ་བཤད་པ།