གནམ་མཚོ་ཕྱུག་མོའི་འབྱུང་ཁུངས་དང་འབྲེལ་བའི་ངག་རྒྱུན་ཐོར་བུ།(2)

བསྟན་པ་ཡར་རྒྱས། (ལྷ་ས།)        2011-01-18


  བཞི། དྲ་སྔོས་ངན་དང་གནམ་མཚོ་སྐོར།
དྲ་སྔོས་ངན་གྱིས་བསྐལ་བརྒྱར་བཙལ་ཡང་རྙེད་པར་དཀའ་བའི་གོ་སྐབས་དེ་ཤོར་མི་རུང་སྙམ་ནས་མཛུབ་རྩིས་རྒྱག་བཞིན་དུ་ཟླ་བཞི་པའི་ཚེས་བཅོ་ལྔ་ཤར་རྒྱུག་སྒུག   ཟླ་བཞི་པའི་ཚེས་བཅོ་ལྔའི་ཉིན་གཉན་ཆེན་ཐང་ལྷས་བཤད་པ་ལྟར། ཁོ་སྔ་མོ་ནས་མཚོ་འགྲམ་དུ་ཕྱིན་ནས་སྒུག
 དེའི་ཚེ། ཤར་ཕྱོགས་རི་བོའི་རྩེ་ནས་ཚེས་བཅོ་ལྔའི་དཀར་གསལ་ཟླ་བ་ཤར་བ་དང་མཚུངས། ཁོ་དང་བར་ཐག་མི་རིང་བའི་སར་དྲེད་མོང་རག་དཀར་ཞིག་ལངས་ནས་འདུག   ཁོས་ལམ་སེང་ཁ་སྔོན་གཉན་ཆེན་ཐང་ལྷའི་སྐད་ཆའི་དྲན་གསོས་ཏེ་རྡེའུ་ཞིག་སྒུགས་ནས་འཕངས་ན། ད་གཟོད་གནམ་མཚོ་ཕྱུག་མོས་རང་གཟུགས་བསྟན་ཏེ་ཁྱོད་ཀྱིས་མི་ལུགས་བྱེད་དམ། ལྷ་ལུགས་བྱེད་ཅེས་དྲིས་པ་ན། ཁོའི་བསམ་པར་མི་ལུགས་ཇི་འདྲ་ཡིན་པ་རང་ལ་ཆ་རྒྱུས་ཡོད་པས་ད་རེས་བསྐལ་བརྒྱལ་བཙལ་ཡང་རྙེད་པར་དཀའ་བའི་གོ་སྐབས་འདིའི་ནང་ངེས་པར་དུ་ལྷ་ལུགས་ཀྱི་བདེ་བ་མྱོང་དགོས་སྙམ་ན་ངས་ལྷ་ལུགས་བྱེད་རྒྱུ་ཡིན་ཞེས་བཤད།
གནམ་མཚོ་ཕྱུག་མོས་ཁོའི་ལག་པ་ནས་འཆང་ཙམ་བྱས། དེ་མར་མཚོའི་ནང་ནས་འཇའ་དཀར་པོ་ཞིག་ཤར། སང་ལོའི་ཟླ་བཞི་པའི་ཚེས་བཅོ་ལྔའི་དགོང་མོ་མཚོན་ཁབ་རྩེ་ཙམ་མ་ཁྱེར་བ་བྱས་ནས་འདིར་བུ་སྐལ་ལེན་པར་ཤོག་ཟེར་ནས་ཉ་མོ་བཞིན་མཚོ་ནང་དུ་འཁྱུག་ནས་སོང་།
ཨ་ཁ་ཁ། ལྷ་ལུགས་ཞེས་པ་དེ་དེ་འདྲའི་སྟབས་བདེ་བ་ལ། ངས་ད་རེས་མི་ལུགས་བྱེད་རྒྱུ་ཡིན་ཟེར་ན་དེའི་ཡན་གྱི་སྐྱིད་ཅིག་གང་ན་ཡོད་ཅེས་བློ་འགྱོད་དྲག་པོ་སྐྱེས་ནས་ཆིག་ལབ་བརྒྱབ།
མི་རྐྱང་དབུལ་པོ་ཁོ་དགོང་ཟས་མི་རྙེད་རི་བོའི་རྩེ། ནང་ཟས་མི་རྙེད་རྒྱ་མཚོའི་འགྲམ་ཞེས་པ་ལྟར་མདའ་གཞུ་ཁུར་ནས་གང་སར་འཁྱམས། ཕྱི་ལོའི་ཟླ་བཞི་བའི་ཚེས་བཅོ་ལྔའི་དགོང་མོ་མཚོ་འགྲམ་དུ་བུ་སྐལ་ལེན་པར་འགྲོ་རྒྱུ་སྔ་མོ་ནས་བརྗེད་སོང་། ཟླ་བཞི་བའི་ཚེས་བཅོ་ལྔའི་དགོང་མོ་མཚོ་འགྲམ་ནས་འགྲོ་སྐབས་འབྲོང་འབྲི་མོ་གཅིག་གིས་ད་ལྟ་བཙས་མ་ཐག་པའི་བེའུ་ལྕེས་ལྡག་གིས་འདུག   ཁོས་དེ་རིང་ཁ་ཟས་ཤིག་རྙེད་སོང་བསམ་པའི་དགའ་ཚོར་སྐྱེས་ནས་མདའ་འཕངས་ནས་བེའུ་དེ་བསད། བསམ་ཡུལ་ལས་འདས་པ་ཞིག་ལ་གནམ་མཚོ་ཕྱུག་མོས་རང་གཟུགས་བསྟན་ནས་ཐུ་ཐུ་ཐུ། རང་བུ་རང་གིས་གསོད་མཁན་དམེ་རྒན་མ་ཞེས་དམོད་དེ་འཇའ་ལྟར་ཡལ་སོང་།
   དེའི་སྐབས་ཁོས་གནམ་མཚོའི་ལུས་ལ་ལྷ་ལུགས་སྤྱད། བུ་མེད་ཀྱང་ང་ལ་འགྱོད་པ་མེད། ཅེས་བཤད། གནམ་མཚོའི་མཐའ་སྐོར་གྱི་འབྲོག་པ་ཚོས་ངག་རྒྱུན་ལྟར་ན། ཕྱིས་སུ་དྲ་སྔོན་ནང་གནམ་མཚོའི་ཉེ་འཁོར་དུ་སྐད་གྲགས་ཆེ་བའི་ཕྱུགས་བདག་ཅིག་ཏུ་གྱུར་ཏེ་དགུན་དུས་ཁོ་ཚང་གི་ནོར་ཁྱུས་གཙང་ཆུ་སྟོད་རྒྱུད་ནས་ཆུ་འཐུང་ཚེ་གཙང་ཆུའི་སྨད་ཀྱི་རྒྱུད་ནས་ཆུ་རྒྱུན་ཆད་པའི་ཚད་ན་སླེབས་ཟེར། གནམ་མཚོའི་བྱང་རྒྱུད་ཀྱི་ས་ཆ་འགར་དྲ་སྔོས་ངན་གྱི་སྦྲ་ཕུབས་པའི་མཚེར་ཤུལ་རྒྱ་ཆེན་ཡོད་པ་དང་།རྟ་འདོགས་སའི་རྡོ་ཕུང་དང་། ལྷས་རྭ་བརྩིགས་པའི་ཤུལ་ཡང་ཡོད་ཟེར། འདམ་གཞུང་རྫོང་ལུང་རིང་ཤང་གི་སར་བྲག་ཁུང་ཆེན་པོ་ཞིག་ཡོད་པ་དེ་ནི་དྲ་སྔོས་ངན་གྱི་རྐུན་རྫས་སྦས་སྐུང་བྱེད་ས་རེད་ཟེར།
   གོང་དུ་བཤད་པ་ལྟར་དྲ་སྔོས་ངན་ཞེས་པ་དེ་དངོས་སུ་བྱུང་བའི་མི་ཡིན་ནམ། ཡང་ན་རྟོག་བཟོ་བྱས་པའི་གཏམ་རྒྱུད་ནང་གི་མི་སྣ་ཡིན་པ་ད་ལྟ་ཁ་ཚོན་གཅོད་དཀའ་ཡང་། ༡༠༩རྒྱལ་ལམ་འགྲམ་གྱི་འདམ་གཞུང་རྫོང་ཡངས་ཅན་གྲོང་བརྡལ་གྱི་བྱེ་མ་གྲོང་ཚོའི་རི་སྣ་ཞིག་གི་སྟེང་དུ་མཁར་ཤུལ་ལྟབུའི་གྱང་གོག་ཅིག་ཡོད་པ་དེ་དྲ་སྔོས་ངན་གྱི་མཁན་ཤུལ་ཡིན་ཟེར་སྲོལ་འདུག
ལྔ། གནམ་མཚོ་ཕྱུག་མོ་དང་སྤོ་ཆེ་གབ་མཐུན་བྱས་པའི་སྐོར།
གནམ་མཚོ་ཕྱུག་མོ་དང་བར་ཐག་དེ་ཙམ་མི་རིང་བའི་སར་བྱི་རུ་མཚོ་ཞེས་པའི་མཚེའུ་ཞིག་ཡོད་པ་དེ་ནི་གནམ་མཚོ་ཕྱུག་མོའི་འོག་མ་ཡིན་ཟེར། ལོ་རེའི་ཟླ་བཞི་བའི་ཚེས་བཅོ་ལྔའི་ཉིན་གནམ་མཚོ་ཕྱུག་མོ་རང་གི་འོག་མའི་སར་དབུ་སྐྲ་བསིལ་བར་འགྲོ་གི་ཡོད།
  བྱི་རུ་མཚོ་དང་བར་ཐག་མི་རིང་བའི་སར་ཡོད་པའི་རི་ཆེན་པོ་སྤོ་ཆེ་ཞེས་པ་དེས། ལོ་རེའི་ཟླ་བཞི་པའི་ཚེས་བཅོ་ལྔའི་ཉིན་བྱི་རུ་མཚོ་རུ་དབུ་སྐྲ་བསིལ་བཞིན་པའི་གནམ་མཚོ་ཕྱུག་མོ་དེ་མཐོང་བས་ཐུགས་སེམས་དབང་མེད་དུ་ཤོར་ཏེ་ཁ་ཡག་ངོ་བསྟོད་ཀྱི་སྐད་ཆ་ཤོད་ཀྱིན་ཉེ་བར་བཅར་བས། མཐར་ཁོ་གཉིས་ངོ་ཤེས་པའི་མི་ཚད་ཚུལ་མིན་གྱི་གབ་མཐུན་བྱས་ནས་ཐང་ལྷ་བྲག་བཙན་ཞེས་པའི་བྱི་ཕྲུག་ཅིག་ཀྱང་སྐྱེས། གལ་སྲིད་བྱི་ཕྲུག་དེ་གཉན་ཆེན་ཐང་ལྷའི་མཐོང་བ་ཡིན་ན་ཆགས་སྒོ་ཆེན་པོ་ཞིག་སློང་རྒྱུ་ཡིན་པས་དེ་གཉན་ཆེན་ཐང་ལྷའི་མི་མཐོང་བའི་ཆེད་དུ་སྤོ་ཆེའི་རྒྱབ་ཏུ་སྦས་པ་དེ་ཡང་སྤོ་ཆེ་རི་བོའི་རྒྱབ་ཀྱི་འབྲོག་ཐང་བདེ་མོ་ཞིག་གི་སྟེང་དུ་བྲག་དེའུ་རྐྱང་པ་ཞིག་ཡོད་པ་དེ་ཡིན་པར་བཤད་དོ། །
དྲུག   གཉན་ཆེན་ཐང་ལྷ་དང་སྤོ་ཆེ་འཁྲུག་པའི་སྐོར།
གནམ་མཚོའི་ཉེ་འཁོར་འབྲོག་པའི་ཁ་རྒྱུན་གཏམ་དཔེ་ལས་ཆུ་ཚོགས་པའི་སྣོད་ཡོད་ཀྱང་། གཏམ་ཚོགས་པའི་སྣོད་མེད་ཅེས་པ་ལྟར་གནམ་མཚོ་ཕྱུག་མོ་དང་སྤོ་ཆེ་གཉིས་ལྐོག་ཏུ་གབ་མཐུན་བྱས། དར་མ་ཟད་བྱི་ཕྲུག་སྐྱེས་པའི་གནས་ཚུལ་རིང་མིན་གཉན་ཆེན་ཐང་ལྷ་རྡོ་རྗེ་འབར་བ་རྩལ་གྱིས་ཐོས་པས། དེར་མ་ཟད་བྱི་ཕྲུག་སྐྱེས་པའི་གནས་ཚུལ་རིང་མིན་གཉན་ཆེན་ཐང་ལྷ་རྡོ་རྗེ་འབར་བ་རྩལ་གྱིས་ཐོས་པས། ཐུགས་རབ་ཏུ་ཁྲོས་ནས་གྲི་རིང་ནམ་མཁར་འཕྱར་ཏ་གཡུག་ཐེངས་གཅིག་གིས་སྤོ་ཆེའི་རྐང་བའི་པུས་མོའི་མཚམས་ནས་བཅད་ཅེས་པ་དེའང་དེང་སྤོ་ཆེ་ཤང་སྲིད་གཞུང་གི་བྱང་ཤར་དུ་ཡོད་པའི་རི་གདོང་ནར་མོ་མིའི་རྐང་པ་མདུན་དུ་བརྐྱངས་པ་དང་འདྲ་བ་དེ་གཉིས་ཀྱི་པུས་མོའི་མཚམས་ནས་བཅད་པ་ལྟ་བུའི་ཉག་གཉིས་ཡོད་པ་དེའོ། །
  གཉན་ཆེན་ཐང་ལྷ་རྡོ་རྗེ་འབར་བ་རྩལ་གྱིས་སྤོ་ཆེའི་རྐང་པ་གཉིས་བཅད་པ་ཙམ་གྱིས་ད་དུང་ཡིད་མ་ཚིམས་པར་སྤོ་ཆེའི་ཕོ་མཚན་བཅད་དེ། གནམ་མཚོའི་སྐེ་རུ་བཏགས་ཞེས་པ་ནི་དོ་སྐྱ་དགོན་པའི་ཤར་ཐད་ཀྱི་མཚོ་དཀྱིལ་དུ་ཡོད་པའི་ཐིལ་རང་སྨུག་པོ་དོ་ཞེས་པ་དེ་ལ་ཟེར།
   དེ་ནས་གཉན་ཆེན་ཐང་ལྷ་རྡོ་རྗེ་འབར་བ་རྩལ་གྱིས་གནམ་མཚོ་ཕྱུག་མོའི་མོ་མཚན་གྱི་སྤུ་སྤར་མོ་གང་བཏོགས་ནས་བྱི་ཕྲུག་གི་ཐང་ལྷ་བྲག་བཙན་བལ་མ་སྐལ་སྦྱིན་ཞེས་པ་དེ་ནི་ཉེ་འཁོར་གང་སར་འབྲོག་ཐང་རྐྱང་པ་ལས་ཤིང་མཛུབ་མོ་ཙམ་མེད་པའི་སྤོ་ཆེ་ཤང་གི་ས་ཆ་ཞིག་ཏུ་རྒྱ་ཁྱོན་ད་ཙམ་མེད་པའི་གླང་མའི་ནགས་ཚལ་སྟུག་པོ་ཞིག་ཡོད་པ་དེའོ། །
གནམ་མཚོའི་ཉེ་འཁོར་འབྲོག་པ་རྣམས་ཀྱིས་ཁ་རྒྱུན་དུ་འཆལ་པོ་འཆལ་ཚོད་མ་བཟུང་ན། ། སྤོ་ཆེའི་རྐང་བའི་ངོ་ལ་ལྟོས་ཟེར།
  ཕྱིས་སུ་གཉན་ཆེན་ཐང་ལྷས་རང་གི་ཡ་ང་ཤ་ཚ་དང་བྲལ་བའི་གཏུམ་སྤྱོད་དེ་རྦད་དེ་དྲག་སོང་སྙམ་པའི་འགྱོད་པ་སྐྱེས་ནས་འགྱོད་གཤགས་ཀྱི་ཆེད་དུ་རི་ཆེན་པོ་སྤོ་ཆེ་དང་ཡུག་གཅིག་ཏུ་འབྲེལ་བའི་རི་བོ་ལྕགས་གནམ་མཆོད་རྒྱལ་གྱི་ལྡེབས་སུ་མཆོད་རྟེན་བརྒྱ་དང་བརྒྱད་བཞེངས་པ་དང་། ཡོན་ཆབ་བརྒྱ་དང་བརྒྱད་ཕུལ་ཞེས་པ་ནི། རི་མཐོན་པོ་ལྕགས་གནམ་མཆོད་རྒྱལ་གྱི་ལྡེབས་སུ། མཐོ་དམན་སྒང་གཤོང་གི་དབྱེ་མཚམས་གསལ་བའི་རང་བྱུང་བྲག་དཀར་པོའི་མུ་ཁྱུད་རིང་པོ་ཞིག་ཡོད་པ་དེ་ཐག་རིང་ས་ནས་བལྟས་ན་མཆོད་རྟེན་མང་པོ་ཞིག་དང་ཡང་དག་མཆུངས། བྲག་དཀར་པོའི་མུ་ཁྱུད་འོག་གི་སྤངས་ལྗོངས་ཀྱི་སྟེང་དུ་དགུན་སྡོད་ཆུ་མིག་བརྒྱ་དང་བརྒྱད་ཡོད་པ་ལ་ཟེར་རོ། །  
   བདུན། གཉན་ཆེན་ཐང་ལྷ་དང་མཚོ་མོ་མཚོ་དར་གྱི་སྐོར།
གཉན་ཆེན་ཐང་ལྷས་རང་གི་ཆུང་མ་གནམ་མཚོ་ཕྱུག་མོ་དང་འཆལ་པོ་སྤོ་ཆེ་གཉིས་ཚུལ་མིན་གབ་མཐུན་བྱས་པར་ཁོང་ཁྲོ་གཏིང་ནས་ལངས་ཏེ་གྲི་རིང་དགུང་དུ་འཕྱར་ནས་སྤོ་ཆེ་ཡན་ལག་གཅོད་བྲེག་གི་ཚར་བཅད། འོན་ཀྱང་དོན་དུ་ཁོང་རང་ཉིད་ཀྱང་སྐྱེ་བོ་ཕལ་བའི་ངང་ཚུལ་ལྟར་གནམ་མཚོ་ཕྱུག་མོས་མ་མཐོང་བ་བྱས་ཏེ་ལྐོག་ཏུ་བུད་མེད་གཞན་དང་གབ་མཐུན་བྱེད་ཀྱི་ཡོད།
  དེ་ཡང་གཏམ་གྱི་མགོ་ནས་གླེང་ན། གནམ་མཚོ་ཕྱུག་མོའི་སྲིབ་སྟེ་གཉན་ཆེན་ཐང་ལྷའི་གཤམ་གྱི་རི་སུལ་ཚང་མ་དོན་དུ་ལུང་པ་ཞེ་ཅིག་རེད། ལུང་པ་དེ་དག་གི་མདའ་ཅུང་དོག་ཀྱང་ལུང་པའི་ནང་ནི་ཁོངས་ཡངས་དཀྱེལ་ཆེ་ཞེ་ཅིག་རེད། དེ་ཡང་དཔལ་མགོན་རྫོང་བདེ་ཆེན་གྲོང་བརྡལ་ཁོངས་ཀྱི་མཚོ་དར་ཞེས་པའི་ལུང་པའི་མདོ་ནས་ཡར་ཙམ་བསྐྱོད་རྗེས་ཐང་ལྷའི་རྒྱལ་པོ་སྒོ་ཞེས་པ། གཡས་གཡོན་གཉིས་སུ་མཐོ་ཚད་སྤྱི་གྲུ་བཞི་ནར་མོའི་སྟེང་དུ། དེ་དང་མཚུངས་པའི་རྡོ་ར་ནང་མོ་ཞིག་ཡོད་པ་ལས་རྒྱལ་སྒོ་དེ་གྲུབ་པ་རེད། རྡོའི་རྒྱལ་སྒོ་དེའི་གཡས་གཡོན་དང་། སྟེང་གི་རྡོ་དེ་ལྟ་བུ་དེང་སྐབས་འདེགས་འགྱོགས་འཕྲུལ་ཆས་ཡོད་པས་མ་གཏོགས། འདེགས་འགྱོག་བྱེད་དཀའ་བས་གདོད་མའི་དུས་རྒྱལ་སྒོ་དེ་འདྲ་ཞིག་གྲུབ་པ་ནི་ཧ་ཅང་ཡ་མཚན་པ་ཞིག་རེད། རྒྱལ་སྒོ་དེ་ནས་ཡར་ཙམ་བསྐྱོད་རྗེས། གཡུ་ཡི་མེ་ལོང་འདྲ་བའི་སྤངས་ལྗོངས་ཀྱི་སྟེང་དུ་མདོག་ཤིན་ཏུ་དཀར་པོའི་བྱེ་མའི་དེའུ་གཅིག་ཡོད་པར་འབྲོག་པ་ཚོས་ཐང་ལྷའི་གསོལ་ཞིབ་ཅེས་ཐང་ལྷའི་རྩམ་པ་ཡིན་ཟེར། རྩམ་པ་དེ་ཁ་རུ་བཟས་ན་བྲོ་བ་གང་ཡང་མེད་པ་དང་། རང་བཞིན་གྱིས་བཞུ་འགྲོ་བའི་ཁྱད་ཆོས་ཡོད་པས་ཕལ་ཆེར་གངས་རིའི་ཅུ་གང་ཡིན་ཤས་ཆེ། དེ་ནས་མུ་མཐུད་ཕྱིན་པ་ན། རྒྱ་ཆེན་པོ་དེ་ཙམ་མེད་པའི་ས་ཀོང་ཀོང་ཞིག་གི་ནང་དུ་མཚོ་མོ་མཚོ་དར་ཞེས་དྭངས་ཤིང་གཙང་བའི་མཚེའུ་ཆུང་ཆུང་ཞིག་ཡོད། མཚེའུ་ཡི་བྱང་ཕྱོགས་སུ་རང་བྱུང་བྲག་རྡོའི་མུ་ཁྱུད་ཀྱིས་བསྐོར་ནས་ཡོད་པ་དང་། དེ་ནས་གནམ་མཚོ་མི་མཐོང་ལ་གནམ་མཚོའི་འགྲམ་ནས་མཚེའུ་དེ་ཡང་མི་མཐོང་བས་མཚེའུ་ཆུང་ཆུང་དེ་ནི་གཉན་ཆེན་ཐང་ལྷས་གནམ་མཚོ་ཕྱུག་མོ་མ་ཤེས་པ་བྱས་ནས་ལྐོག་ཏུ་ཉར་བའི་ན་ཆུང་དེ་རེད་ཟེར། ངག་རྒྱུན་དུ་ཁོ་གཉིས་ལྐོག་ཏུ་གབ་མཐུན་བྱས་པ་ལས་ཐང་སྲས་ཞེས་པའི་བྱི་ཕྲུག་ཅིག་སྐྱེས་པ་དེ་གནམ་མཚོ་ཕྱུག་མོས་མི་མཐོང་བའི་ཆེད་དུ་གཉན་ཆེན་ཐང་ལྷའི་སྐུ་རྒྱབ་ཏུ་སྤས་སྐུང་བྱས།
ཡང་ངག་རྒྱུན་གཞན་ཞིག་ནི།ཐང་སྲས་ཞེས་པ་དེ་ནི་གཉན་ཆེན་ཐང་ལྷ་དང་མཚོ་མོ་མཚོ་དར་གཉིས་གབ་མཐུན་བྱས་པ་ལས་བཙས་པའི་བུ་མ་ཡིན། དེ་ནི་གཉན་ཆེན་ཐང་ལྷས་ཁོ་རང་གི་སྐུ་རྒྱབ་ཏུ་བསྐུང་བའི་ན་ཆུང་གཞན་ཞིག་སྟེ། མཚོ་བོད་གཞུང་ལམ་༣༧༤༤ལམ་ཚད་ནས་གཉན་ཆེན་ཐང་ལྷའི་ཕྱོགས་སུ་སྤྱི་ལེ་བདུན་ཙམ་ཕྱིན་ཚེ། དེར་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་དགུ་ཙམ་ཡོད་པའི་དྭངས་པིང་ཞེས་པའི་མཚེའུ་ཡིད་དུ་འོང་བ་ཞིག་གངས་རིའི་འདབས་སུ་ཡོད་ཆབ་བཤམས་པ་ལྟར་གནས་པ་དེ་དང་གབ་མཐུན་བྱས་ནས་སྐྱེས་པ་རེད་ཟེར། 
       དྭངས་པིང་མཚེའུ་ནི་གཉན་ཆེན་ཐང་ལྷའི་རྒྱབ་ཕྱོགས་ཀྱི་གངས་འདབས་སུ་གནས་པའི་མཚེའུ་ཆུང་ཆུང་ཞིག་རེད།དབྱར་དུས་ནམ་མཁའ་གཡའ་དག་པའི་སྐབས གངས་རིའི་ལྡོག་གཟུགས་དྭངས་གསལ་མེ་ལོང་ལྟབུའི་མཚེའུ་ནང་དུ་གསལ
མཚེའུ་འགྲམ་གྱི་གཡུ་ཡི་མཎྜལ་ལྟ་བའི་སྤངས་ལྗོངས་ཀྱི་སྟེང་དུ། རི་དྭགས་དང་འདབས་ཆགས་སྣ་ཚོགས་ཀྱིས་མགྲིན་པའི་རྫ་རྔ་ཅི་ཡང་བརྡུང་བཞིན་བག་ཡངས་སུ་རྒྱུ། དགུན་གསུམ་འཁྱགས་པས་བསྡམས་ཏེ་མཚེའུ་དར་ཁ་འགྲིག་པའི་ཚེ།གངས་རི་དང་འཁྱག་མཚོ་ཡུག་གཅིག་ཏུ་འབྲེལ་ནས་ཡུལ་ལྗོངས་སྔར་བས་བརྗིད་ཉམས་ལྡན་པར་གྱུར།
བརྒྱད།  བོད་ཀྱི་ལྷ་རྗེ་གཡུ་ཐོག་ཡོན་ཏན་མགོན་པོས་གཉན་ཆེན་ཐང་ལྷར་སྨན་བཅོས་བྱས་པའི་སྐོར།
        དེ་ཡང་ངག་རྒྱུན་ལས་དེང་ནག་ཆུ་ས་ཁུལ་དཔལ་མགོན་རྫོང་ཕྱིང་ལུང་ཤང་གི་ས་ཆ་ཞིག་ཏུ་འབྲུག་རིས་སྒྲུག་རྒྱུ་ཡོད་པས་ས་མིང་ལ་ཡང་གཡུ་འབྲུག་ཟེར།
      དེ་ཡང་གཏམ་མགོ་ནས་གླེང་ན། ད་ལྟ་གཡུ་འབྲུག་ཟེར་བའི་ས་ཆ་དེར་མཐུ་ནུས་པ་ཁྱད་དུ་འཕགས་པའི་སྔགས་འཆང་ཞིག་ཡོད་པ་ལ་ཆིབས་པ་ནག་པོ་ནམ་མཁའི་བྱ་དང་འདྲ་བ་ཞིག་ཡོད། ཉིན་ཞིག་གློ་བུར་དུ་སེར་བ་དྲག་པོ་ཞིག་བབས་ནས་སྔགས་རྒན་གྱི་ཆིབས་པ་དེ་གནམ་ལྕགས་ཐོག་གིས་ཕྱི་མིའི་ལམ་དུ་བཙན་གྱིས་ཁྲིད།
      བཞོན་རྟ་ཐོག་ནས་བསད་པའི་ཕངས་སེམས་ཀྱིས་སྔགས་རྒན་ཁོང་ཁྲོ་མེ་ལྕེ་རབ་ཏུ་འབར་ནས་མཐུ་བཏབ་པས། ཆར་སྤྲིན་ལང་ལོང་དུ་འཕྱུར་བའི་ནམ་མཁའ་གློ་བུར་དུ་སྤྲིན་བྱེའུ་མགོ་ཙམ་ཡང་མེད་པར་གྱུར་ནས་ད་རེས་ཐོག་རྒྱག་མཁན་གྱི(བོད་ཀྱི་ངག་རྒྱུན་དུ་ཐོག་རྒྱག་མཁན་ནི་ནམ་མཁའི་གཡུ་འབྲུག་ཡིན་ཟེར)འབྲུག་དེ་གློ་བུར་དུ་ཆགས་ས་གནས་ཡུལ་མེད་པར་གྱུར་ཏེ་སྐམ་སར་ལྷུང་ནས་ཤི་བས་ས་ཆ་དེར་འབྲུག་རུས་སྒུགས་རྒྱུ་ཡོད་པ་དང་། ཕྱིས་སུ་ས་མིང་ཡང་གཡུ་འབྲུག་ཏུ་གྲགས།   ནམ་མཁའི་གཡུ་འབྲུག་ཕྱི་མའི་ལམ་དུ་བརྫངས་ཟིན་ཡང་། འབྲུག་ནི་གཉན་ཆེན་ཐང་ལྷའི་སྒོ་ཟོག་ལྟ་བུ་དང་། གནམ་མཚོ་ཕྱུག་མོའི་ཆིབས་པ་ལྟ་བུ་ཡིན་པས། སྔགས་རྒན་སེམས་ནང་གི་ཁོང་ཁྲོ་ད་དུང་འཇགས་ཐབས་མེད་པས། ཡུངས་དཀར་ལ་དྲག་པོའི་མཐུ་སྔགས་སྦྱར་ཏེ། གཉན་ཆེན་ཐང་ལྷའི་ཕྱོགས་སུ་གཏོར་པས་གཉན་ཆེན་ཐང་ལྷའི་ཞལ་རས་ལ་ཐོར་བ་གྲངས་ལས་འདས་པ་སྐྱེས་ཤིང་རྣག་གིས་ཟིན།
སྐབས་དེ་དུས་ནི་སངས་རྒྱས་སྨན་ལྷའི་སྤྲུལ་པ་བོད་ཀྱི་ལྷ་རྗེ་གཡུ་ཐོག་ཡོན་ཏན་མགོན་པོ་སྐུ་འཚོ་བཞུགས་ཀྱི་སྐབས་ཡིན་པར་གྲགས། ཉིན་ཞིག་ལྷ་རྗེ་སྐུ་དྲིན་ཅན་ཁོང་ས་ཕྱོགས་གཞན་ཞིག་ཏུ་བྲོ་འཚལ་ནད་ཀྱིས་མནར་བའི་ཉམ་ཐག་ནད་པ་མང་པོའི་སྡུག་བསྔལ་སེལ་བར་ཕེབས་པའི་སྐབས། དེང་འདམ་གཞུང་རྫོང་གི་སྙིང་དྲུང་ཤང་དང་ཡངས་པ་ཅན་གྲོང་བརྡལ་གཉིས་ཀྱི་ས་མཚམས་དར་སྤུངས་ཆེན་པོ་ཡོད་སར་སླེབས་པ་ན། ག་ནས་ཡོང་བ་མི་ཤེས་པའི་དྲེད་མོང་རག་དཀར་གཅིག་གིས་ལྷ་རྗེ་ཁོང་གི་རྟ་ཁ་ནས་བཟུང་སྟེ་གཉན་ཆེན་ཐང་ལྷའི་གངས་རིའི་ཁྲོད་དུ་ཁྲིད་ནས་སོང་།
  དེའི་སྐབས་སྲིད་པའི་གངས་རྒན་གཉན་ཆེན་ཐང་ལྷའི་གངས་རིའི་སུལ་ན་འབྲུག་དཀར་པོ་དུང་གི་རྣ་ལུང་ཅན་དུང་གི་ཕུར་བ་ལ་བཏགས་ནས་ཡོད་པ། འབྲུག་སེར་པོ་གསེར་གྱི་རྣ་ལུང་ཅན་གསེར་གྱི་ཕུར་བར་བཏགས་པ། འབྲུག་དམར་པོ་བྱི་རུའི་རྣ་ལུང་ཅན་བྱི་རུའི་ཕུར་བར་བཏགས་པ། འབྲུག་སྔོན་པོ་གཡང་ཊའི་སྣ་ལོང་ཅན་གཡུ་ཡི་ཕུར་པར་བཏགས་པ་ལྷ་རྗེ་གཡུ་ཐོག་ཡོན་ཏན་མགོན་པོས་མངོན་སུམ་དབང་པོའི་སྤྱོད་ཡུལ་དུ་གྱུར་ཟེར་སྲོལ་ཡོད།
      དྲེད་མོང་གིས་རྟ་ཁ་ནས་བཟུང་སྟེ་ཁྲིད་ནས་གཉན་ཆེན་ཐང་ལྷའི་ཕོ་བྲང་དུ་འབྱོར་རྗེས། ད་རེས་དྲེད་མོང་རག་དཀར་དེ་ལྭ་བ་སྔོན་པོ་ནམ་མཁའི་མདོག་གྱོན་པའི་གནམ་མཚོ་ཕྱུག་མོ་རྡོ་རྗེ་ཀུན་གྲགས་མའི་རང་གཟུགས་བསྟན་ཏེ། ཞལ་རས་རྣག་དང་ཐོར་བས་ཁེངས་པའི་ཕོ་གཞོན་སྟོབས་རྩལ་ཅན་ཞིག་ཁྲིད་ཡོང་ནས་སྨན་བཅོས་བྱེད་དགོས་པའི་ཚུལ་བསྟན། ཕོ་གཞོན་དེ་ནི་གཉན་ཆེན་ཐང་ལྷ་རྡོ་རྗེ་འབར་བ་རྩལ་རེད །
ལྷ་རྗེ་གཡུ་ཐོག་ཡོན་ཏན་མགོན་པོས་ཐོར་པ་རེ་རེ་བཞིན་གསེར་གྱི་བཙག་བུས་དྲས་ཏེ་སྨན་བཅོས་བགྱིས་པས། ད་གཟོད་གཉན་ཆེན་ཐང་ལྷའི་ཞལ་རས་སྔོན་མ་དང་ཁྱད་པར་མེད་པར་གྱུར་པས་དགྱེས་ཚོར་ཆེན་པོའི་སྒོ་ནས། ལྷ་རྗེ་གཡུ་ཐོག་ཡོན་ཏན་མགོན་པོ་ལ་བཀའ་དྲིན་ལེགས་གསོལ་གྱི་ཚུལ་དུ་བྱེ་མ་བྲེལ་གང་གནང་། ཡུལ་ལྷ་གཞི་བདག་གིས་ས་རྡོ་བྱེ་མ་ལ་སོགས་ལས་ཅི་ཞིག་སྤྲོད་དགོངས་ནས་ལྷ་རྗེས་དྲན་རྟེན་གྱི་ཚུལ་དུ་བྱེ་མ་བྲེ་གང་ལས་མ་བསྣམས།
    དེ་ནས་གནམ་མཚོ་ཕྱུག་མོ་ཡང་དྲེད་མོང་གི་གཟུགས་སུ་སྤྲུལ་ནས་ལྷ་རྗེ་གཡུ་ཐོག་ཡོན་ཏན་མགོན་པོ་ད་རེས་ཀྱི་ས་ཆ་བར་དུ་སྐྱེལ།
   ལྷ་རྗེ་གཡུ་ཐོག་ཡོན་ཏན་མགོན་པོ་གཟིམ་ཁང་དུ་འབྱོར་རྗེས། རང་ཉིད་ནས་གཉན་ཆེན་ཐང་ལྷར་སྨན་བཅོས་བྱས་ཚུལ་བརྗོད་ཀྱིན་ཡུལ་ལྷས་གནང་བའི་བྱེ་མ་ཁྱེམ་གང་པོ་དེ་ཁ་ཕྱེས་ནས་བལྟས་པ་ན། ད་གཟོད་བྱེ་མ་ཁྱེམ་གང་པོ་དེ་ནི་གསེར་ཕྱེ་ཁྱེམ་གང་དུ་གྱུར་བ་རེད་ཟེར།
  • ལེ་ཚན་སྔོན་མ།:ནོར་གཅིན་གཏོང་བ།
  • ལེ་ཚན་རྗེས་མ།:ཨ་ཁུ་བསྟན་པའི་གཏམ་རྒྱུད།