ནོར་གཅིན་གཏོང་བ།

མཁས་གྲུབ་ཀྱིས་བསྡུས་བཤུས་བྱས།        2011-01-10

སྔར་བོད་ཀྱི་ལྷོ་ཕྱོགས་སྣེ་གདོང་ཟེར་བའི་ཡུལ་ན་སྣེ་གདོང་རྒྱལ་པོ་ཞེས་པ་ཞིག་ཡོད་པ་དེར་བློན་པོ་ཉི་ཆོས་བཟང་པོ་ཟེར་བའི་རིག་པ་ཧ་ཅང་རྣོ་བ་ཞིག་ཡོད།ཉིན་ཞིག་ཉི་ཆོས་བཟང་པོས་རྒྱལ་པོར་ཞུས་པར།རྒྱལ་པོ་རིན་པོ་ཆེ།གཞན་གྱིས་རྩ་ཆེའི་ནོར་བུ་རྣམས་ཕྱོར་བཏོན་ནས་འོད་ཟེར་འཕྲོ་རུ་འཇུག་གི་ཡོད་པ་དེ་ནི་བརྗིད་ཉམས་ལྡན་ཞིང་སྙན་གྲགས་ཆེན་པོར་འདུགང་ཚོའི་ནོར་བུ་རྣམས་བང་མཛོད་ནང་དུ་བཅུག་ནས་བཞག་པ་དེ་ཆོ་མེད་པ་ཞིག་རེད་ཅེས་ཞུས་པར།རྒྱལ་པོས་དེ་འདྲ་ཡིན་ན་ང་ཚོའི་བང་མཛོད་ནང་ནས་ནོར་བུ་རྩ་བ་ཆེ་ཤོས་དེ་བཏོན་ཏེ་སང་ཉིན་ཉི་ཆོས་བཟང་པོ་ཁྱོད་ཀྱིས་འོད་ཟེར་འཕྲོ་རུ་འཇུག་དགོས་ཞེས་བཤད།
     དེའི་སང་ཉིན་སྔ་དྲོ་ཉི་ཤར་གྱི་མཚམས་སུ་ཉི་ཆོས་བཟང་པོས་རྒྱལ་པོའི་ནོར་བུ་རྩ་འགངས་ཆེ་ཤོས་དེ་བང་མཛོད་ནང་ནས་བཏོན་ཏེ་རང་ཉིད་ཀྱི་ཁྱིམ་དུ་སྦས་རྗེས་ལང་སང་ཆུ་འགྲམ་དུ་ཕྱིན་ནས་འཁྱགས་རོམ་ཆེན་པོ་ཞིག་བཀོག་སྟེ་རྒྱལ་པོའི་ཕོ་བྲང་གི་ནུབ་ངོས་རི་ལྡེབས་ཤིག་གི་ཐོག་ཏུ་བསླངས་ནས་བཞག་པ་དེར་ཉི་འོད་ཕོག་པའི་སྐབས་དངོས་གནས་འོད་ཟེར་ཆེན་པོ་འཕྲོ་བཞིན་ཡོད།སྐབས་དེར་ཉི་ཆོས་བཟང་པོ་མགྱོགས་མྱུར་རྒྱལ་པོའི་དྲུང་དུ་ཕྱིན་ནས།རྒྱལ་པོ་རིན་པོ་ཆེ།རྒྱང་ཤེལ་བསྣམས་ཏེ་ཕོ་བྲང་གི་ཡང་སྟེང་ནས་ནོར་བུའི་བརྗིད་ཉམས་ལྡན་པའི་འོད་ཟེར་ལ་གཟིགས་པར་ཕེབས་དང་ཞེས་བཤད་པར།རྒྱལ་པོས་བྲེལ་འཚུབ་ངང་བློན་འཁོར་ཚང་མ་ཁྲིད་དེ་ཕོ་བྲང་གི་ཡང་སྟེང་ནས་ལྟ་སྐབས་རྒྱལ་པོའི་བསམ་པར་ནོར་བུའི་འོད་ཟེར་དངོས་འབྲེལ་འཕྲོ་བཞིན་འདུག་སྙམ་སྟེ་དགའ་ཐག་ཆོད་ནས་ཉིན་གུང་གི་ལྟོ་ཆས་ཀྱང་ཕོ་བྲང་གི་ཡང་སྟེང་དུ་བཟས་ཏེ་ཉིན་གང་བལྟས་བལྟས་པའི་མཐར་ཕྱི་དྲོ་ཉི་མ་བཞུད་ལ་ཉེ་བའི་སྐབས་སུ་ནོར་བུའི་འོད་ཟེར་ཆུང་དུ་ཆུང་དུ་སོང་བའི་ཚེ་ན་རྒྱལ་པོས་ཉི་ཆོས་བཟང་པོར་ནོར་བུའི་འོད་ཟེར་ཆུང་དུ་ཆུང་དུ་འགྲོ་བཞིན་འདུག་པས་ཁྱོད་རང་ཕ་གིར་མགྱོགས་མྱུར་ལྟ་བར་རྒྱུགས་དང་ཞེས་བཤད།
     དེ་ལྟར་ཉི་ཆོས་བཟང་པོས་ལྟ་བར་ཕྱིན་ནས་ཚུར་རྒྱུག་ཡོང་སྟེ་ད་ནི་དཔེ་བསགས་འདུགནོར་བུས་ནོར་གཅིན་བཏང་ནས་བྲོས་སོང་འདུགརྒྱལ་པོ་རིན་པོ་ཆེ།མགྱོགས་པོར་ཕ་གིའི་ནོར་བུ་བཞག་སར་གཟིགས་པར་ཕེབས་དང་ཞེས་ཞུས་པར།རྒྱལ་པོས་སྐད་ཆ་དེ་ཐོས་འཕྲལ་དེ་མ་ཐག་ལྟ་བར་ཕྱིན།ཕ་གིར་སླེབས་སྐབས་དངོས་གནས་འཁྱགས་པ་བཞུར་བའི་བཞའ་བརླན་ཏོག་ཙམ་ལས་མེད་པ་མཐོང་སྐབས་རྒྱལ་པོས་ད་ནི་དཔེ་བསགས་འདུགད་ཇི་ལྟར་བྱས་ན་ལེགས།དེ་འདྲའི་ནོར་བུའི་ཕངས་པ་ལ་ཨང་ཞེས་བཤད་ནས་ག་བྱེད་འདི་བྱེད་མེད་པར་གྱུར།
  • ལེ་ཚན་སྔོན་མ།: རི་གླུ་གསར་པ།
  • ལེ་ཚན་རྗེས་མ།:གནམ་མཚོ་ཕྱུག་མོའི་འབྱུང་ཁུངས་དང་འབྲེལ་བའི་ངག་རྒྱུན་ཐོར་བུ།