གནམ་མཚོ་ཕྱུག་མོའི་འབྱུང་ཁུངས་དང་འབྲེལ་བའི་ངག་རྒྱུན་ཐོར་བུ།

བསྟན་པ་ཡར་རྒྱས། (ལྷ་ས།)        2011-01-18

 
གཅིག   གནམ་མཚོ་ཕྱུག་མོའི་འབྱུང་ཁུངས་སྐོར་གྱི་ཤོད་སྲོལ།
༡  གནམ་མཚོའི་མཐའ་སྐོར་གྱི་འབྲོག་མི་རྣམས་ལ་གནའ་སྔ་མོ་ནས་དར་བའི་ངག་རྒྱུན་ཞིག་ཡོད་པ་སྟེ། དེ་ཡང་ཤིན་ཏུ་སྔ་མོའི་དུས་ཤིག་ན། ད་ལྟ་གནམ་མཚོ་ཆགས་པའི་ས་ཆ་འདི་ནི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཞིག་རེད། རྩྭ་ཐང་གི་སྟེང་དུ་འབྲོག་ཁྱིམ་མི་ཉུང་བ་ཞིག་གནས་སྡོད་བྱེད་ཀྱི་ཡོད། དེའི་ཁྲོད་ཀྱི་དུད་ཁྱིམ་ཞིག་ལ་རྒྱ་སྨྲི་ཊི་ལོང་བ་ཞེས་པའི་སྐྱེ་བོ་དམུས་ལོང་ཞིག་ཡོད། མི་ཚང་དེ་ལ་འཐུང་ཆུ་ལེན་སའི་ཁྲོན་པ་ཞིག་ཡོད་པ་དེ་དགོང་མོ་རྟག་པར་ཁ་གཅོད་རྒྱག་དགོས་ཀྱི་ཡོད། རྒྱ་སྨྲི་ཊི་ལོང་བས་དགོང་རེ་བཞིན་ཁྲོན་པའི་ཁ་གཅོད་རྒྱག་རྒྱུ་དྲན་སྐུལ་བྱེད་ཀྱི་ཡོད་སྟབས་བསམ་ཡུལ་ལ་འདས་པའི་དོན་རྐྱེན་ངན་པ་གང་ཡང་བྱང་མྱོང་མེད།
རྩྭ་ཐང་གི་འབྲོག་ཁྱིམ་དེ་དག་དེ་ལྟར་འཆམ་མཐུན་བདེ་སྐྱིད་ཀྱི་འཚོ་བ་རོལ་བར་ལོ་ག་ཚོད་ཕྱིན་པ་སུས་རྟོགས། ལོ་ཟླའི་འགྲོས་དང་བསྟུན་ནས་རྒྱ་སྨྲི་ཊི་ལོང་བའི་གནག་སྣུམ་མགོ་སྐྱེས་ཀྱི་སྟེང་དུ་སྔར་མེདག་བུར་གྱི་མགྲོན་པོ་གསར་པ་སླེབས་ནས་བགྲེས་སོང་གི་མདུན་གྲས་སུ་སླེབས་ཏེ་དྲན་ཤེས་ཀྱང་རིམ་བཞིན་ཉམས་པར་གྱུར་ཡང་ཁྲོན་པའི་ཁ་གཅོད་རྒྱག་རྒྱུ་དྲན་སྐུལ་བྱེད་རྒྱུར་བརྗེད་ཀྱི་མེད།
   འོན་ཀྱང་། བསམ་ཡུལ་ལས་འདས་པ་ཞིག་ལ། ཉིན་ཞིག་གི་དགོང་མོ་རྒྱ་སྨྲི་ཊི་ལོང་བས་དྲན་སྐུལ་བྱེད་རྒྱུ་གཏིང་བརྗེད་དུ་གྱུར་བས་མི་ཚང་དེའི་མི་རྣམས་ཀྱིས་ཁྲོན་པའི་ཁ་གཅོད་རྒྱག་རྒྱུ་བརྗེད་སྟབས་ཁྲོན་པའི་ཆུ་འཕྱུར་ནས་མཐའ་ཡས་ཀྱི་རྩྭ་ཐང་ཆེན་པོ་ཆུ་ཡིས་བསྣུབས། མུ་མཐུད་འཕྱུར་བ་ཡིན་ན་བོད་ཁམས་ཡོངས་ཆུ་ཡིས་འཇིག་ལ་ཉེ་བའི་ཆེས་འགག་རྩའི་དུས་དེར། ས་བཅུར་རང་དབང་ཐོབ་པའི་གྲུབ་ཐོབ་ལྷག་བསམ་ཅན་ཞིག་གིས་སྤོ་ཐོ་ཞིག་བླངས་ནས་ཁྲོན་པའི་ཁ་བཀག་པས་ཁྲོན་པའི་ཆུ་འཕྱུར་མཚམས་ཆད་ནས་དེ་དེང་གི་གནམ་མཚོ་འདི་ཆགས་པ་རེད། དེང་གནམ་མཚོ་ཕྱུག་མོའི་ལྷོ་ཤར་དུ་ཡོད་པའི་བཀྲ་ཤིས་དོ་ཆེ་ཞེས་པའི་ཕྱེད་གླིང་ཕྲན་དེ་ནི་གྲུབ་ཐོབ་ཀྱིས་ཁྲོན་པའི་ཁ་བཀག་པའི་སྤོ་ཐོ་དེ་རེད་ཅེས་ཟེར་སྲོལ་ཡོད།
  ༢  དེ་ཡང་ངག་རྒྱུན་དང་པོ་དང་འདྲ་བར་གནའ་སྔ་མོའི་དུས། དེང་གི་གནམ་མཚོའི་ཡུལ་འདི་ཐོག་མར་མུ་མཐའ་མི་མངོན་པའི་རྩྭ་ཐང་ཆེན་པོ་ཞིག་ཡིན་ཞིང་། ས་དེའི་འབྲོག་པ་རྣམས་ཕ་ཚ་བུ་རབས་བརྒྱུད་གནས་དེར་འཚོ་སྡོད་བྱེད་ཀྱི་ཡོད།
 རྩྭ་ཐང་གི་དབུས་སུ་བྲག་ཚོམ་སྟུག་པོ་ཡོད་པའི་དེའུ་རྐྱང་པ་ཞིག་ཡོད་པ་དེའི་བྲག་ཕུག་ཅིག་གི་ནང་བླ་མ་སྐུ་ན་བགྲེས་པོ་ཞིག་སྒྲུབ་པ་སྐྱོན་བཞིན་བཞུགས་ཡོད་པ་ལ་ཞབས་ཕྱི་དབོན་ཆུང་ལས་ལ་བརྩོན་པ་ཞིག་ཡོད། དབོན་ཆུང་གི་ཉིན་ལྟར་སྒྲུབ་ཕུག་གི་ཕྱི་ནང་གད་ཕྱིས་གཙང་མ་བྱེད་པ་དང་། ཉིན་རེར་ཐུན་གསུམ་གྱི་ཁ་ཟས་གཡོས་སྦྱོར་གང་ལེགས་ཀྱིས་དུས་ཐོག་ཏུ་བླ་མར་འབུལ་གྱི་ཡོད། ཁོང་གཉིས་ལ་འཐུང་ཆུ་ལེན་ཡུལ་ཁྲོན་པ་ཞིག་ཡོད་པ་དེར་རྡོ་གཡམ་གྱི་ཁ་གཅོད་ཅིག་ཡོད། ཆུ་ཐེངས་རེ་བླངས་རྗེས་ཁ་གཅོད་ཡང་དུ་གདམས་པར་དབོན་ཆུང་གིས་ཀྱང་དེ་ལྟར་བྱས།
  ཉིན་ཞིག  དབོན་ཆུང་གིས་མཚམས་ཁང་གི་སྒོ་ནས་ཁྲོན་པའི་ཕྱོགས་སུ་བལྟས་དུས། ཁྲོན་པའི་ཁ་རུ་ལུག་ཅིག་ལངས་ནས་ཡོད་པ་མཐོང་པས་ཡ་མཚན་སྐྱེས་ནས་བླ་མའི་སྐུ་མདུན་དུ་སོང་ནས“རིན་པོ་ཆེ། ངེད་གཉིས་ཀྱི་ཁྲོན་པའི་ཁ་རུ་ལུག་ཅིག་ལངས་ནས་འདུག”ཞུས།བླ་མས་ལུག་ཅིག་གང་ནས་ཡོང་བ་ཡིན་ནམ། ཁྱོད་ཀྱི་མིག་འཕྲུལ་བ་མིན་ནམ། ཁྱོད་ཀྱིས་དེ་རིང་ཆུ་བླངས་རྗེས་ཁ་གཅོད་དམ་པོ་བརྒྱབ་ཡོད་དམ། ཁྱོད་ཀྱིས་ཡང་བསྐྱར་ལྟོས་དང་ཞེས་གསུངས།
  དབོན་ཆུང་གིས་ཁྲོན་པའི་ཁ་གཅོད་བརྒྱབ་ཡོད་ངེས་རེད། ཡིན་ནའང་། ངས་ཀྱང་གསལ་བོ་ཞིག་དྲན་གྱི་མི་འདུག་ཟེར་ནས་སླར་བྲག་ཕུག་གི་སྒོ་ལས་ཐོན་ཏེ་བལྟས་དུས། ད་རེས་དེ་ནི་ལུག་གཅིག་མིན་པར་དེ་ནི་རྟ་དཀར་པོ་ཞིག་རེད་འདུག་པས་སླར་བླ་མའི་སྐུ་མདུན་དུ་བརྒྱུགས་ནས་རིན་མོ་ཆེ། ད་རེས་ངས་མཐོང་བ་དེ་ནི་ལུག་མིན་པར་རྟ་དཀར་པོ་ཞིག་འདུག  ཅེས་བཤད།
   དེ་རིང་དབོན་ཆུང་གིས་ཁྲོན་པའི་ཁ་གཅོད་རྒྱག་རྒྱུ་བརྗེད་པ་གཏན་འཁེལ་རེད་སྙམ་ནས་བླ་མས་དཔེ་ཆ་ཀློག་མཚམས་བཞག་སྟེ་སྐས་རིང་ལས་བབས། སྐས་ཐུང་ལས་མཆོངས་ཏེ་སྒྲུབ་ཕུག་གི་ཕྱི་རུ་ཕེབས་ནས་ཁྲོན་པའི་ཕྱོགས་སུ་གཟིགས་དུས།ད་རེས་དབོན་ཆུང་གིས་བཤད་པ་དེ་ནི་རྟ་དང་ལུག་གང་ཡང་མིན་པར་ཁྲོན་ཆུ་དགུང་སྔོན་དུ་འཕྱུར་བཞིན་སྡེ་མི་གསུམ་ཆུ་ཡིས་འཇིག་བཞིན་འདུག  ད་དུང་མུ་མཐུད་འཕྱུར་བ་ཡིན་ན། མདོ་དབུས་ཁམས་གསུམ་ཆུ་ཡིས་འཇིག་རྒྱུ་ཡིན་པས་བླ་མས“མཚམས་ཞོག”ཅེས་ཁྲོན་པའི་ཕྱོགས་སུ་ཕྱག་རྒྱ་ཞིག་མཛད་པས། དེ་ནས་བཟུང་ཁྲོན་པའི་ཆུ་འཕྱུར་མཚམས་ཆད་པ་རེད། ད་ལྟ་དཀྱིལ་དུ་ཡོད་པའི་ཆིག་དོ་ཞེས་པའི་གླིང་ཕྲན་དེ་ནི་བླ་མ་དང་དབོན་ཆུང་གཉིས་སྒྲུབ་པ་སྒྲུབ་སའི་དེའུ་དེ་ཡིན་ཟེར།
   གཉིས། དྲ་སྔོས་ངན་གྱི་གཏམ་རྒྱུད།
གནམ་མཚོའི་ཉེ་འཁོར་འབྲོག་པ་ཚོའི་ངག་རྒྱུན་ལྟར་ན། དེ་ཡང་ལྷ་འདྲེའམ་མྱི་གང་ཡིན་མི་ཤེས་པ་ཞིག་ལ། གནའ་སྔ་མོ་གནམ་མཚོའི་བྱང་ངོགས་ཀྱི་ས་ཆ་ཞིག་ཏུ་རྟ་རྒན་ཞིག་ལས་གཞན་ཅི་ཡང་མེད་པའི་མི་རྐྱང་དབུལ་པོ་དྲ་སྔོས་ངན་ཞེས་པ་ཞིག་ཡོད། ཁོའི་ཕུ་བོ་དཔོན་གྲགས་ཞེས་པ་ནི་འབྱོར་ཕྱུགས་མངའ་ཐང་རྒྱས་པའི་འབྲོག་ཁྱིམ་ཞིག་གི་བཟའ་དཔོན་རེད། ཁོ་ཚང་ལ་རྟ་ཁོ་ན་དགུ་བཅུ་གོ་བརྒྱད་ཡོད།
  ཁོའི་གཉིས་ལ་སྲིང་མོ་གཉིས་ཡོད་པ་སྔ་ས་ནས་སྟོད་རྟ་སྒོའི་ཡུལ་གྱི་ཕྱུགས་བདག་གི་ཁྱིམ་ཚང་གཉིས་ལ་བག་མར་བརྫངས་ནས་ལོ་མང་ཕྱིན། དྲ་སྔོས་ངན་གྱི་རྟ་རྒན་ལ་རྟ་རོགས་གཅིག་ཀྱང་མེད་པ་དེ་འཚོ་སྐྱོང་བྱེད་དཀའ་བས་ཕུ་བོ་དཔོན་གྲགས་པ་རྟ་རོགས་ཤིག་སློང་དགོས་སྙམ་ནས་ཉིན་ཞིག་རྟ་རྒན་ལ་བཞོན་ཏེ་ཕུ་བོའི་སར་ཕྱིན་ནས་ད་རེས་ཡོང་དོན་བཤད་པ་ན། བསམ་ཡུལ་ལས་འདས་པ་ཞིག་ལ་རྒྱུ་རྔམ་ཅན་གྱི་ཕུ་བོས་ཁྱོད་རང་གི་ཁ་ཟས་མི་རྙེད་པ་གང་སར་འཁྱམ་པའི་ཁར་ད་དུང་རྟ་ཞིག་གསོས་ནས་ཅི་ཕན། དེ་བས་ཁྱོད་ཀྱི་རྟ་རྒན་དེ་ང་ལ་སྤྲད་ན་ངའི་རྟ་གྲངས་བརྒྱར་ལོང་ན་ང་ལ་འགྲན་ནུས་མཁན་གྱི་ཕྱུགས་བདག་སུ་ཡོད་ཅེས་བཤད།  
དྲ་སྔོས་ངན་ནི་བསམ་རྒྱུ་དྲན་རྒྱུ་མང་བའི་མི་ཞིག་ཡིན་པས་ཁོས་འོ་ན། ཨ་ཇོ་ངེད་གཉིས་སྟོད་རྟ་སྒོའི་ཡུལ་དུ་ཇག་རྒྱག་པར་འགྲོ། དེས་ན་ཨ་ཇོ་ཁྱོད་རང་གི་རྟ་གྲངས་བརྒྱ་ལས་བརྒལ་རྒྱུ་དང་། ང་ལ་ཡང་རྟ་རོགས་ཁ་ཤས་རྙེད་སྲིད་ཅེས་བཤད་པར་ཕུ་བོ་དཔོན་གྲགས་ཀྱི་ཡིད་ལ་འཐད་པ་བྱུང་ནས། ཁོ་གཉིས་མི་རེས་རྟ་རེ་བཞོན་ནས་སྟོད་རྟ་སྒོའི་ཕྱོགས་སུ་རྟ་ཇག་ལ་ཕྱིན།
  ཁོ་གཉིས་ཉི་མ་མང་པོ་ཕྱིན་རྗེས་སྲིང་མོ་ཆེ་བ་ཡོད་སའི་ཚོ་བར་སླེབས་ནས་ཁོ་གཉིས་སྲས་མོའི་ནང་དུ་ཞག་སྡོད་བྱས། སྲིང་མོའ་འབྲི་མར་སེར་པོའི་ཇ་ཞིམ་པོ་བཟོས་ནས་མིང་པོ་གཉིས་ལ་སྣེ་ལེན་བྱས། ཕྱི་ཉིན་ཁོ་གཉིས་སྔར་བཞིན་ནུབ་ཕྱོགས་སུ་བསྐྱོད་དེ་སྲིང་མོ་ཆུང་བའི་སར་སླེབས་ཏེ་དེར་ཞག་སྡོད་བྱས། སྲིང་མོ་ཆུང་བས་འབྲི་མར་སེར་པོའི་ཇ་ཞིམ་པོ་ཞིག་བཟོས་ཏེ་ཨ་ཇོ་དཔོན་གྲགས་ལ་སྣེ་ལེན་བྱས་པ་དང་། ར་མར་གྱི་ཇ་སྐྱ་བོ་ཚྭ་མེད་པ་ཞིག་བཟོས་ནས་དྲ་སྔོས་ངན་ལ་བླུད།
  དེ་ནས་ད་དུང་ཉིན་ཤས་ཕྱིན་ཏེ་སྒོའི་ཡུལ་གྱི་རྟ་ཁྱུ་ཞིག་བཅོམ་ནས་ཕྱིར་ལོག  ཁོང་གིས་སྲིང་མོ་ཆུང་བ་ཡོད་སའི་ལུང་པར་སླེབས། སྐབས་དེར་དུས་སྲིང་མོ་ཆུང་བ་སྒོར་ཐོན་ནས་འདུག   མིང་པོ་གཉིས་ཀྱི་རྟ་ཁྱུ་ཞིག་དེད་ནས་ཡོང་བ་མཐོང་བས་མོ་འདོད་རྔམ་དྲག་པོ་ཞིག་ལངས་ནས་ཁྱེད་གཉིས་དེ་འདྲའི་འཇོན་པ་ལ། ད་རེས་རྟ་མང་པོ་འདི་འདྲ་དེད་ནས་ཡོང་དུས་ང་སྲིང་མོ་ལ་རེ་གཉིས་མི་སྟེར་རམ་ཟེར་བ་ན་དྲ་སྔོས་ངན་གྱི་སེམས་སུ། སྲིང་མོས་ཁ་སྔོན་རང་ཉིད་ལ་མཐོང་ཆུང་གིས་ཇ་ཡང་སྐྱ་བོ་མདོག་ལོག་ཙམ་ཞིག་ལས་མ་བླུད་པས། ད་རེས་འཁོན་ལས་ཞིག་སློག་དགོས་སྙམ་ནས། མིང་པོས་རྟ་ཇག་རྒྱག་ནས་ཡོང་དུས་སྲིང་མོ་རང་གིས་རྟ་ཁྱུའི་ནང་ནས་རྟ་གཅིག་འདེམས་ཞེས་བཤད།
   རྒྱུ་རྔམ་ཅན་གྱི་སྲིང་མོས་རྟ་ཁྱུའི་ནང་ཡར་རྒྱུག་མར་རྒྱུག་བྱས་ཏེ་རྟ་སྔོན་པོ་ནམ་མཁའི་གཡུ་འབྲུག་འདྲ་བ་ཞིག་བཟུང་ཡང་ཁྲིད་བྱེད་ཀྱི་ཐག་པ་མེད་པས། ཏོག་ཙམ་སྒུག་ཨང་། ངས་ནང་ནས་ཐག་ལ་ཞིག་ལེན། ཟེར་བར་དྲ་སྔོས་ངན་གྱིས་ང་ཚོས་ཇག་པ་ལ་སྒུག་པའི་དུས་ཚོད་མེད། སྲིང་མོ་རང་གི་སྐྲའི་ལན་བུ་རིང་པོ་དེ་ཐག་པའི་ཚབ་བྱས་ནས་ཁྲིད་དང་ཟེར། མོས་བསམ་པར་རྟ་ཡག་པོ་འདི་འདྲ་ལག་ཏུ་བཟུང་ཚར་ནས་ཤོར་ན་ཕངས་སྙམ་ནས་དྲ་སྔོན་ངན་གྱི་བཤད་པ་ལྟར་རང་གི་སྐྲའི་ལན་བུ་ཐག་པའི་ཚབ་བྱས་ནས་ཁྲིད་པ་ན། དྲ་སྔོས་ངན་གྱིས་རྟ་བོར་ལྕག་གིས་བྲབས་ནས་རྟ་ཁྱུ་མྱུར་འདེད་བྱས་པས་སྲིང་མོའི་ལག་ཏུ་ཡོད་པའི་རྟ་བོ་མདའ་འཕངས་པ་ལྟར་རྟ་ཁྱུའི་རྗེས་སུ་རྒྱུགསཔས་སྲིང་མོའི་མགོ་སྐྱེས་རྐང་གཅིག་ཀྱང་མ་ལྷག་པར་བུད་དེ་མགོ་དམར་དུ་གྱུར། དེའི་ཕྱི་ཉིན་ཁོ་གཉིས་སྲིང་མོ་ཆེ་བའི་སླེབས་ནས་ཝ་ཡེ། སྲིང་མོ། རྟ་འདེམས་ཞེས་སྐད་བཏང་།
   སྲིང་མོ་ཆེ་བས་ཨ་ཇོ་གཉིས་དཀའ་ལས་ཁག་པོ་ཡོད་ངེས་རེད། སྔོན་ལ་ནང་དུ་ཕེབས་ནས་ཇ་འཐུང་ཟེར་བས་དྲ་སྔོས་ངན་གྱིས་ང་གཉིས་ཇག་པ་ལ་དལ་དལ་ལྷོད་ལྷོད་བྱེད་ཁོམ་མེད། དེ་བས་སྲིང་མོ་ཁྱོད་རང་རྟ་ག་ཚོད་དགོས་ཀྱང་ཁྱོད་རང་གིས་འདེམས་ཟེར་བ་ལ་སྲིང་མོ་ཆེ་བས་རྟ་གཅིག་རང་བདམས་ཟེར་སྦྲ་ཡི་ཆོན་ཐག་ལ་བཏགས། དྲ་སྔོན་ངན་གྱིས་ད་དུང་སྡོད་འདོད་ཡོད་མཁན་ཡོད་ན་སྡོད་ཅེས་སྐད་བརྒྱབ་པས་རྟ་ཁྱུའི་ནང་ནས་རྟ་མི་ཉུང་བ་ཞིག་རང་འགུལ་གྱིས་བསྡད།
   གཞིས་སུ་སླེབས་རྗེས་རྟ་མི་ཉུང་བ་ཞིག་བཙོངས། དེ་ནས་བཟུང་དྲ་སྔོན་ངན་གྱི་རྟ་རྒན་ལ་རྟ་རོགས་མི་ཉུང་བ་ཞིག་ཡོད་པ་དང་། འཚོ་བ་ཡང་མི་སྨོན་རང་སྐྱིད་ཅིག་ཡོད། འོན་ཏེ། ཁོ་ནི་བསམ་རྒྱུ་དྲན་རྒྱུ་མང་བའི་མི་ཞིག་ཡིན་པས་གནམ་མཚོའི་བྱང་གི་མ་ཆགས་སྲིན་མོ་དོ་རུ་མཚམས་རྒྱག་མཁན་སྔགས་པ་ཞིག་ཡོད་པ་དེའི་ར་ཁྱུ་ཇག་རྒྱབ་ནས་དེད།
   སྔགས་པས་རང་གི་ར་ཁྱུ་དྲ་སྔོས་ངན་གྱིས་ཇག་འདེད་བྱས་པའི་གནས་ཚུལ་ཤེས་རྗེས་མཐུ་དྲག་པོ་ཞིག་བཏབ་པས་དུས་དེ་ནས་བཟུང་དྲ་སྔོས་ངན་རྟ་རྒན་གཅིག་ཀྱང་མེད་པའི་དབུལ་པོ་ལྷད་མེད་ཅིག་ཏུ་གྱུར། དེ་དུས་ཁོས་རྟ་སྒོ་སྟོད་ལ་རྟ་ཇག་སོང་། ལས་ཆུང་སོང་བསམ་ཡང་ཆེ་ཆེ་རེད་ཅེས་བཤད།
གསུམ།    གཉན་ཆེན་ཐང་ལྷ་དང་དྲ་སྔོས་ངན་གྱི་གཏམ་རྒྱུད།
དྲ་སྔོས་ངན་དབུལ་པོ་ལྷད་མེད་ཅིག་ཏུ་གྱུར་ནས་གར་འགྲོ་གནས་མེད་གང་སར་འཁྱམས་ནས་འགྲོ་བའི་ཉིན་ཞིག   ཁོ་གནམ་མཚོའི་འགྲམ་གྱི་བྱེ་ཐང་ཞིག་གི་སྟེང་དུ་ངལ་གསོས་ནས་བསྡད་པའི་སྐབས། ལྷིང་འཇགས་གྱི་མཚོ་མོ་གློ་བུར་དུ་རྦ་རླབས་དྲག་ཏུ་འཕྱུར་བའི་ཁྲོད་ནས་གཡག་དཀར་པ་དུང་འདྲ་བ་ཞིག་དང་། ནག་པོ་སོལ་བ་འདྲ་བ་ཞིག་ཐོན་ནས་མཚོ་འགྲམ་གྱི་བྱེ་ཐང་དུ་རྭ་འཛིང་དྲག་པོ་བྱས། ཁོས་སྔར་མེད་ཀྱི་ལྟད་མོ་དེ་མཐོང་བས་མིག་མ་གཡེང་བར་བལྟས།
  སྔ་དྲོས་གཡག་དཀར་པོ་རྒྱལ་ལ་ཉེ་བ་དང་། ཉི་མ་ཕྱི་དྲོའི་དུས་སུ་གཡག་དཀར་པོ་དེའི་ནུས་ཤུགས་ཇེ་ཞན་དུ་གྱུར་ནས་ཤུགས་ཇེ་ཞན་དུ་གྱུར་ནས་གཡག་ནག་པོ་དེ་རྒྱལ་ལ་ཉེ་བས་ཁོས་མདའ་མོ་ལྟོང་ཁ་སྤྲད་ཅིང་། གཡག་ནག་པོ་དེར་གཟས་ཏེ་རྣ་བའི་བར་དུ་བཀང་ནས་འཕངས་པས་གཡག་ནག་པོ་དེ་འཇིག་རྟེན་ཕྱི་མའི་ལམ་དུ་བརྫངས། དེའི་སྐབས་གཡག་དཀར་པོ་དེ་མཚོ་འགྲམ་དེར་འགྲེ་ལྡོག་ཅིག་བྱས་པས་ཞྭ་དཀར་གོས་གྱོན་པའི་ཕོ་གཞོན་སྟོབས་ཆེན་ཞིག་ཏུ་གྱུར་ཏེ་འཛུམ་དམུལ་གྱིས་ཁོའི་གམ་དུ་ཡོང་ནས་ཡ་ཕོ་གཞོན། བཟང་བྱས་པའི་མི་བོ་དཀར་པོ་ཁྱོད་ལ་བཟང་ལན་ཅི་དགོས་གང་དགོས། ཁོས་ངས་ཁྱོད་ལ་བཟང་བྱེད་མ་མྱོང་ལ་ངན་ཡང་བྱེད་མ་མྱོང་། བཟང་ལན་མི་དགོས་ལ་དེ་བས་ངན་ལན་ཡང་མི་དགོས་ཞེས་བཤད།
  ཕོ་གཞོན་དེ་ན་རེ། དེ་འདྲ་མ་ཤོད་ཕོ་གསར། ང་ནི་གཉན་ཆེན་ཐང་ལྷ་རྡོ་རྗེ་འབར་བ་རྩལ་ཡིན། དེ་རིང་ང་དང་བདུད་ནག་པོ་གཉིས་སུ་རྒྱལ་སུ་ཕམ་གྱི་འཛིང་མོ་ཤོར་ཏེ་ང་ཕམ་ལ་ཉེ་བའི་སྐབས། ཁྱོད་ཀྱིས་མདའ་འཕངས་ནས་བདུད་ནག་པོ་ཆམ་ལ་ཕབ་པས་ངས་བཟང་ལན་འཇལ་ལོས་དགོས། དེ་བཟང་མིན་ན་ཅི་རེད་ཟེར།
   ད་གཟོད་གཞི་ནས་རྒྱུ་མཚན་གྱི་མཐིལ་རྟོགས་ནས་བསམ་བློ་དྲུག་བསམ་བཅོ་བརྒྱད་བཏང་མཐར། བསམ་རྒྱུ་དྲན་རྒྱུ་མང་བའི་དྲ་སྔོས་ངན་གྱིས་ཅུང་ཟད་དོགས་མི་བདེ་བའི་སྒོ་ནས། འོ་ན། ངས་ཁྱེད་ཀྱི་བཙུན་མོ་གནམ་མཚོ་ཕྱུག་མོ་རྡོ་རྗེ་ཀུན་གྲགས་མ་དང་ལུས་འདྲེས་ཤིག་བྱེད་རུང་ངམ་ཟེར།
   གཉན་ཆེན་ཐང་ལྷས་དེ་ལས་སླ་མོ་རེད། མ་གཞི་ཁྱོད་ནི་བསམ་རྒྱུ་དྲན་རྒྱུ་མང་བའི་མི་བསྟན་བཤིག་ཅན་ཞིག་རེད་འདུག   སང་ལོའི་ཟླ་བཞི་པའི་ཚེས་བཅོ་ལྔའི་དགོང་མོ་ཁྱོད་མཚོ་འགྲམ་འདིར་སྒུག་ནས་སྡོད། དེ་དུས་གནམ་མཚོ་ཕྱུག་མོ་སྲོག་ཆགས་གཞན་ཞིག་ཏུ་སྤྲུལ་ནས་མཚོ་འགྲམ་འདིར་སྒུག་ནས་སྡོད། དེ་དུས་གནམ་མཚོ་ཕྱུག་མོ་སྲོག་ཆགས་གཞན་ཞིག་ཏུ་སྤྲུལ་ནསས་མཚོ་འགྲམ་དུ་ཡོང་གི་རེད། དེ་དུས་ཁྱོད་ཀྱིས་མོའི་གཟུགས་པོར་རེག་ཙམ་བྱས་ན་མོའི་རང་གཟུགས་སྟོན་གྱི་རེད། རྡེའུ་ཞིག་འཕངས་ནའང་འགྲིག    ཁྱོད་ནི་ངའི་སྲོག་སྐྱོབས་ཀྱི་དྲིན་ཅན་ཡིན་པས་དྲིན་ལན་དེ་ཙམ་གྱི་ག་ལ་རུང་། ཁྱོད་མི་རྐྱང་དབུལ་པོ་ཞིག་གི་ངོས་ནས་བཤད་ན་གནམ་མཚོ་དང་ལུས་འདྲེས་བྱེད་རྒྱུ་ལས་རྒྱུ་ནོར་གལ་ཆེ་གི་རེད། ད་ཁྱོད་རང་ང་དང་མཉམ་དུ་ཤོག་ཅེས་ཁོའི་ལག་ནས་བཟུང་སྟེ་གངས་རིའི་ཁྲོད་ཀྱི་གཉན་ཆེན་ཐང་ལྷའི་མཛོད་ཁང་གི་སྒོ་འགྲམ་དུ་ཁྲིད་དེ་དྲ་སྔོས་ངན་ལ་སྦར་སྙོབ་ཐེངས་གསུམ་བྱེད་དུ་བཅུག
   ཁོས་གཉན་ཆེན་ཐང་ལྷས་བཤད་པ་ལྟར་མཛོད་ཁང་གི་སྒོ་ལས་ལག་པ་བརྐྱང་སྟེ་ལག་སྙོབ་ཐེངས་གསུམ་བྱས། ཐེངས་དང་པོ་དེ་སྐྱ་ཞིབ་ཞིབ། འོད་ཧྲིག་ཧྲིག་ཅིག་འདུག་པས་ཡུལ་ལྷ་གཞི་བདག་ལ་ས་རྡོ་དང་བྱེ་མ་སོགས་ཅི་ཡོད་སྙམ་ནས་ཕན་མེད་ཀྱི་དངོས་པོ་བརྩིས་ནས་བྱང་དུ་བཤོས། ཐེངས་གཉིས་པ་དེ་ཡང་བསྐྱར་ཞིབ་ཞིབ་ཅིག་འདུག་པས་དེའང་ཕན་མེད་ཀྱི་དངོས་པོར་བརྩིས་ཏེ་བྱང་དུ་བཤོས། ཐེངས་གསུམ་པ་དེ་ཁྲ་རུག་རུག་གཟིག་འདྲ་བ་ཞིག་འདུག་ཀྱང་། ཞིབ་ཏུ་བལྟ་དུས་གཟི་ཡང་རེད་མི་འདུག་པས་དེ་ཡང་ཕན་མེད་ཀྱི་དངོས་པོར་བརྩིས་ཏེ་ཡང་བྱང་དུ་བཤོས།   
དོན་དུ་ད་རེས་ཁོས་ལག་སྙོབ་ཐེངས་གསུམ་བྱས་པའི་དངོས་པོ་དེ་དག་ཕན་མེད་ཀྱི་ས་རྡོ་དང་བྱེ་མ་ག་ལ་ཡིན། ཐེངས་དང་པོ་བླངས་པའི་སྐྱ་ཞིབ་ཞིབ་འོད་ཧྲོབ་ཧྲོབ་དེ་ནི་རིེན་ཆེན་ནོར་བུ་ཚྭ་ཡི་གཏེར་ཡིན་པ་དང་། ཐེངས་གཉིས་པ་དེ་ནི་རིན་ཆེན་བུལ་གྱི་གཏེར་རེད། ཐེངས་གསུམ་པ་དེ་ནི་རིན་ཆེན་བུལ་གྱི་གཏེར་རེད། ཐེངས་གསུམ་པ་དེ་ནི་ནད་ཡམས་ས་བཙོག་གི་འབྱུང་རྩ་འབུ་བྱང་པ་ཞེས་པ་དེ་རེད། ངག་རྒྱུན་དུ་དུས་དེ་ནས་བཟུང་བྱང་དུ་རིན་པོ་ཆེ་ཚྭ་དང་བལ་གྱི་གཏེར་ཁ་བྱུང་བ་དང་དུས་མཚུངས་ནད་ཡམས་ས་གཙོག་ཅེས་པ་དེའང་དར་བ་རེད་ཟེར།
  • ལེ་ཚན་སྔོན་མ།:ནོར་གཅིན་གཏོང་བ།
  • ལེ་ཚན་རྗེས་མ།:ཨ་ཁུ་བསྟན་པའི་གཏམ་རྒྱུད།