མི་ཉག་ཡུལ་གྱི་གཞི་རིམ་སློབ་གསོ་ལས་ཁམས་ཁུལ་གྱི་གཞི་རིམ་སློབ་གསོ་ལ་ལྟ་བ།

སྐལ་བཟང་ཐུབ་བསྟན་གྱིས།        2013-07-25

མི་ཉག་ཡུལ་གྱི་གཞི་རིམ་སློབ་གསོ་ལས་ཁམས་ཁུལ་གྱི་གཞི་རིམ་སློབ་གསོ་ལ་ལྟ་བ།
 
གཞི་རིམ་སློབ་གསོའི་གནས་བབ།
 ཁམས་ཁུལ་གཞི་རིམ་སློབ་གསོའི་སྤྱིའི་གནས་བབ་ནི་དཀར་མཛེས་ཁུལ་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་འཕེལ་རྒྱས་འཆར་འགོད་ཀྱི་རྩ་གནད་ནང་དུ་བཏོན་པ་དང་འདྲ་སྟེ་སློབ་སྔོན་སློབ་གསོ་སྤྱི་ཁྱབ་ཀྱི་ཐོག་ནས་མི་འདང་བ་དང་། ཁུལ་ཡོངས་ཀྱི་ད་ཡོད་བྱིས་པ་ཁང་ཕལ་ཆེར་རྫོང་གྲོང་དུ་ཡོད་ཅིང་། རྒྱ་ཆེ་བའི་ཞིང་འབྲོག་ཁུལ་དུ་སློབ་སྔོན་སློབ་གསོ་སྤྱི་ཁྱབ་ཀྱི་ཐོག་ནས་མི་འདང་བ་རེད། འོས་འགན་སློབ་གསོའི་ཕན་འབྲས་ཆུང་བ་སྟེ། སློབ་མའི་གྲངས་ཀ་དང་ལོ་གྲངས་གྲུབ་ཚུལ་དང་། སློབ་ཁྲིད་སྤུས་ཚད་གྲུབ་ཚུལ། སློབ་གྲྭའི་སློབ་གཉེར་ཕན་འབྲས་ཚུལ་བཅས་ཀྱི་ཐད་ལ་མཆོད་རྟེན་གྱི་དབྱིབས་འདྲའི་སྣང་ཚུལ་བྱུང་བ་སྟེ། ལོ་རིམ་ཇེ་མཐོར་སོང་ན་མི་གྲངས་ཇེ་ཉུང་དུ་སོང་བ་དང་། སྦྱངས་འབྲས་སྡུག་པོ་ཡིན་པའི་སློབ་མ་ཇེ་མང་དུ་སོང་བ། སྦྱངས་འབྲས་བཟང་པོ་ཡིན་པའི་སློབ་མ་ཇེ་ཉུང་དུ་སོང་བ་དང་། མཐའ་འཁོབ་ཏུ་གནས་པ་དང་། གཞི་ཁྱོན་ཆུང་བ། སྤུས་ཚད་དམའ་བ། དགེ་རྒན་མི་འདང་བའི་སློབ་གྲྭ་མང་ཞིང་། དངོས་གནས་གཞི་ཁྱོན་ལྡན་པ་དང་། སྤུས་ཚད་མཐོ་བ། དགེ་རྒན་གྱི་སྟོབས་ཤུགས་ཆེ་བའི་སློབ་གྲྭ་ཉུང་ཉུང་ཡིན་པ་བཅས་རེད། བྱེ་བྲག་ཏུ་ཚོགས་ཞུགས་མི་སྣ་ཡོངས་ཀྱི་གཅིག་མཐུན་གྱི་ལྟ་བ་ཞིག་ནི་ད་ལྟ་ཁམས་ཁུལ་གཞི་རིམ་སློབ་གསོའི་གནས་བབ་དང་མིག་སྔར་ཐུག་པའི་དཀའ་གནད་ནི་མི་ཞིག་ལ་མཚོན་ ན་ནད་ལྕི་མོ་ཞིག་ཕོག་པ་དང་དབུགས་ཆད་ལ་ཁད་དུ་སོང་བ་དང་། ཡར་འགྲོ་མར་འགྲོ་རྟ་ཁ་སྲབ་ཀྱིས་བསྒྱུར་བའི་ས་མཚམས་སུ་བསླེབས་འདུག་པ་དང་། སློབ་གསོའི་དམིགས་ཡུལ་གླ་ཕོགས་ཙམ་དང་ལས་གནས་ཤིག་ཨེ་རག་ཁོ་ནའི་ཆེད་ཙམ་ལས་མེད་པ་དང་། བྱིས་པ་དག་གིས་རིག་གནས་ཡོན་ཏན་སློབ་འདོད་པའི་འདུ་ཤེས་ཞན་པ་དང་། ཕ་མ་ཚོས་ཁྱིམ་ཚང་སློབ་གསོ་རྒྱག་སྟངས་ཐད་བྱེད་ཐབས་ནུས་ལྡན་མེད་པ་དང་། གཞི་རིམ་སློབ་གཙོ་དང་དགེ་རྒན་ཕལ་ཆེར་གྱི་འགན་འཁྲིའི་འདུ་ཤེས་ཞན་པ་དང་། མི་གཞིའི་སློབ་གསོ་སྟེ་མི་ལྷ་རུ་བཟོ་བའི་སློབ་གསོ་འདུ་ཤེས་ལ་ངོས་འཛིན་ཡང་དག་ཅིག་ཆགས་མེད་པ་དང་། དགོན་པ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཉམས་ཉེས་སུ་མི་འགྲོ་བའི་སློབ་གྲྭ་མེད་དུ་མི་རུང་བ་ཞིག་པའི་འདུ་ཤེས་རྩ་བ་ཉིད་ནས་ཆགས་མེད་པ་དང་། ལོ་ཆུང་རྣམས་ཀྱིས་བོད་རང་གི་སྲོལ་རྒྱུན་རིག་གནས་རྩ་བ་ཉིད་ནས་འདོར་བའམ་དེ་ལ་རྩ་ཆེན་འཛིན་པའི་འདུ་ཤེས་ཇེ་ཕྲ་ནས་ཇེ་ཕྲ་རུ་གྱུར་བ་དང་། སློབ་མ་ཚོས་ས་གནས་རང་ཉིད་ཀྱི་ལོ་རྒྱུས་མི་ཤེས་པ་དང་། ཕ་སྐད་གཙང་མ་བཤད་པའི་ལུགས་སྲོལ་བཟང་པོ་ཞིག་ཆགས་མེད་སོགས་ཀྱི་གནད་དོན་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་རེད།
    ཁ་ཕྱོགས་བསྐོར་བའི་བྱེད་ཐབས།
གནས་བབ་ཛ་དྲག་ཅན་དང་མི་བཅོས་འོས་སུ་མེད་པའི་གནད་དོན་འདི་དག་ལ་དམིགས་ནས་ཚོགས་ཞུགས་མི་སྣ་ཚོས་རྣག་ཐོག་གཙག་འཁེལ་གྱིས་བྱེད་ཐབས་རབ་དང་རིམ་པ་བཏོན་པ་སྟེ། གཅིག་ནི་བྱིས་པ་ལོ་གསུམ་ནས་བདུན་བར་གྱི་དུས་རིམ་ནི་མི་ཞིག་གི་ཚེ་གཅིག་ལ་མཚོན་ན་བློ་རིག་ཆེས་རྣོ་བ་དང་བག་ཆགས་ཆེས་ཟབ་མོ་བཞག་ནུས་པའི་དུས་རིམ་གལ་ཆེན་ཞིག་ཡིན་པས་ཁྱིམ་ཚང་སློབ་གསོ་ལ་གཙིགས་ཆེན་འཛིན་དགོས་པ་དང་། ང་ཚོའི་ཕྲུ་གུ་ཚོ་ཕ་མའི་ལག་ནས་མར་ཁ་འགྲོ་རུ་མི་བཅུག་པར་ཕ་མ་ཚོས་འདུ་ཤེས་ཡོད་པའི་སྒོ་ནས་བྱིས་པ་ཚོར་ཡ་རབས་གུས་ལུགས་དང་།དགེ་སྡིག་བླང་དོར། ཡར་སྐུལ་བརྩོན་འགྲུས། བསམ་པ་བཟང་པོ་སོགས་ཀྱི་སློབ་གསོ་ཐོག་མ་ཉིད་ནས་བྱིས་པའི་རྒྱུད་ལ་ཞུགས་སུ་འཇུག་དགོས། ལྷག་པར་དུ་དགེ་རྒན་ཚོས་དངོས་ཤུགས་གང་རུང་ནས་ཕ་མ་རྣམས་ལ་ཤུགས་རྐྱེན་བཟང་པོ་ཞིག་ཐེབས་སུ་འཇུག་དགོས། གཉིས་པ་ནི་སློབ་གྲྭའི་ཕྱིའི་ཆ་རྐྱེན་འཛོམས་པ་ཙམ་ཡིན་ཕྱིན་ངེས་པར་དུ་སྤྱི་སེམས་ཆེ་ལ་བསམ་བློ་ཡོད་པ། མེས་རྒྱལ་དང་མི་རིགས་ལ་དགའ་ཞེན་ཡོད་པ། འདོད་ཆུང་ཆོག་ཤེས་ལྡན་པ། ལྷག་པར་དུ་འགན་འཁྲིའི་བསམ་པ་བྲག་བཞིན་བརྟན་པའི་སློབ་གཙོ་ཁག་ཅིག་དང་དགེ་རྒན་ཁག་ཅིག་འཛུགས་སྐྱོང་བྱ་རྒྱུ་གལ་ཤིན་ཏུ་ཆེ། གཞི་རིམ་སློབ་གསོའི་སྤུས་ཚད་བཟང་ངན་ཡང་འདི་ལ་རག་ལས་འདུག གསུམ་ནི་ཡོན་ཚད་མཐོ་བའི་དགེ་རྒན་ཚོས་ལོ་རིམ་དང་པོ་ནས་བཟུང་སྟེ་ཀ་ཁའི་སྦྱོར་ཀློག་དག་མ་དང་གཟབ་གཤར་འཁྱུག་གསུམ་གྱི་ཡིག་གཟུགས། སུམ་རྟགས་དག་གསུམ། རྩོམ་རིགས་སྙན་ངག་ལ་སོགས་པ་སློབ་གསོའི་གོ་རིམ་ངེས་ཅན་ཞིག་ལ་བརྟེན་ནས་སློབ་མ་ཚོར་རྨང་གཞི་སྲ་ཞིང་བརྟན་པ་ཞིག་ཚུགས་ཐུབ་པ་བྱེད་དགོས། མི་ཉག་ཡུལ་གྱི་གཞི་རིམ་སློབ་གསོ་ལས་ཁམས་ཁུལ་གྱི་གཞི་རིམ་སློབ་གསོ་ལ་ལྟ་བ།
བཞི་ནི་སློབ་མ་ཚོར་སློབ་སྦྱོང་བྱ་རྒྱུ་དེ་ཁ་ཕོར་ཙམ་གྱི་དོན་ཁོ་ན་མ་ཡིན་པར་མེས་རྒྱལ་དང་མི་རིགས་སྤྱི་ལ་ཕན་ཞིང་རིག་གནས་མེད་པའི་རྨོངས་པ་ཁྱུ་གཅིག་གིས་ཆོས་དང་འཇིག་རྟེན་གཉིས་ཆར་བྱ་བ་ཆེན་པོ་གང་ཡང་བསྒྲུབ་མི་ནུས་པ་དང་། གསེར་རྒྱན་དངུལ་རྒྱན་སྤྲས་པ་ལས་རིག་གནས་ཀྱི་མཛེས་རྒྱན་སྤྲས་ན་འཇིག་རྟེན་ཀུན་གྱི་མཆོག་ཡིན་པའི་བསམ་པའི་སློབ་གསོ་སྤྲད་དེ་སློབ་མ་ཚོའི་བསམ་བློའི་གོ་རྟོགས་ཇེ་མཐོར་གཏོང་དགོས། ལྔ་ནི་བོད་ཁུལ་མང་ཚོགས་ཡོངས་ཀྱི་བསམ་བློའི་གོ་རྟོགས་དང་། རིག་གནས་གོ་རྟོགས། ལུགས་སྲོལ་གོ་རྟོགས། ཆོས་ལུགས་གོ་རྟོགས་བཅས་ཇེ་མཐོར་གཏོང་དགོས། ལྷག་པར་དུ་ཆོས་ལུགས་གོ་རྟོགས་ཀྱི་ཐད་ལ་ཆོས་ཡང་དག་པ་སྒྲུབ་པའི་ཚད་གཞི་ནི་ལུང་གི་ཆོས་འཆད་ཉན་གནད་དུ་འགྲོ་བ་ཞིག་དང་། རྟོགས་པའི་ཆོས་ཉམས་ལེན་ཚུལ་མཐུན་ཞིག་ཡོད་མེད་ལ་རག་ལས་པ་དང་། སངས་རྒྱས་ཀྱི་བསྟན་པ་གནས་པའི་ཐབས་བྱེད་ནའང་མིའི་སེམས་ནང་དུ་གནས་ཐབས་བྱེད་དགོས་པ་ནི་ཆེས་གནད་འགག་ཆེན་པོ་ཡིན་པ་རེད། དྲུག་ནི་སློབ་མ་རྣམས་ལ་དངོས་ཤུགས་གང་རུང་གིས་སློབ་ཁྲིད་ཀྱི་ཁྲོད་དུ་ས་གནས་རང་གི་ལོ་རྒྱུས་དང་། ས་མིང་བཅས་ཀྱི་ཤེས་བྱ་བསྲེས་ནས་བཤད་ན་གོ་ཉིས་ཆོད་ཀྱི་ཕན་ཡོན་ཡོད། དེང་སང་ལོ་ཆུང་ཚོས་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་འཛམ་གླིང་གི་ལོ་རྒྱུས་འཆད་ཁུལ་བྱེད་མོད། འོན་ཀྱང་ཁོ་ཚོས་ས་གནས་རང་གི་ལོ་རྒྱུས་དང་། ཐ་མ་རང་གི་ཁྱིམ་ཚང་གི་ལོ་རྒྱུས་ཡང་དག་པ་ཞིག་ཀྱང་ཤེས་ཀྱི་མེད་པའི་ངོ་ཚ་བའི་གནས་སུ་གྱུར་ཡོད་པ་རེད། ཡང་དཔེར་ན་བོད་ལ་ལྷ་བསང་སོགས་གཏོང་འི་སྲོལ་རྒྱུན་ཡོད་པ་དེ་ལོ་ཆུང་ཚོས་དེ་ནི་ལྷ་ཀླུ་གཉན་གསུམ་ལ་གསོལ་མཆོད་ཙམ་གྱི་གོ་བ་ཐབས་ཆག་ཅིག་མ་གཏོགས་ལོན་གྱི་མེད་ལ། དོན་ངོ་མ་ནི་སྨན་རྩྭ་སོགས་ཀྱི་ནུས་པ་ལ་བརྟེན་ནས་མཁའ་དབུགས་གཙང་མ་བཟོ་བ་དང་།མཁའ་དུག་གསོད་པ། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཆགས་ཐུབ་པ་ཡིན་པ་རྩ་ནས་གོ་མེད་པ་རེད། བདུན་ནི་སློབ་མ་རྣམས་ལ་མེས་རྒྱལ་དང་མི་རིགས་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་ཤེས་པའི་འདུ་ཤེས་སེམས་སུ་ཟུག་པ་བྱེད་དགོས། མེས་རྒྱལ་དང་མི་རིགས་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་ཤེས་པའི་འདུ་ཤེས་མེད་ཕྱིན་དྲིན་གཟོའི་འདུ་ཤེས་མེད་པ་ཡིན་ལ། དྲིན་གཟོའི་འདུ་ཤེས་མེད་ཕྱིན་མི་དེ་ལ་ཡོན་ཏན་དང་འཇོན་ཐང་ཅི་འདྲ་ཆེན་པོ་ཞིག་ཡོད་ནའང་རང་ཉིད་ཁ་དྲོ་རྒྱབ་དྲོ་ཙམ་ལས་ཟད་དོ།། བརྒྱད་ནི་ས་གནས་སྲིད་གཞུང་གིས་དགེ་རྒན་གྱི་ཉམ་ཐག་པའི་གོ་གནས་ལ་དམིགས་ནས་གཟིགས་སྐྱོང་སྲིད་ཇུས་སྣ་མང་བཏོན་ནས་གཞི་རིམ་དགེ་རྒན་གྱི་སེམས་པ་གསོ་ཐབས་དང་དགེ་རྒན་བཟང་པོ་རྣམས་ལས་གནས་གཞན་དུ་མི་ཤོར་བ་བྱེད་དགོས། དགུ་ནི་ཕ་མ་དང་དགེ་རྒན་རྣམས་ཀྱིས་ཡིན་གཅིག་མིན་གཉིས་སློབ་མ་རྣམས་ལ་འགྲོ་འདུག་ཉལ་འཆའི་གོམས་གཤིས་བཟང་པོ་ཞིག་དང་སློབ་སྦྱོང་བྱེད་པའི་གོམས་སྲོལ་བཟང་པོ་ཞིག་ངེས་པར་ཆགས་སུ་འཇུག་དགོས། འདི་ནི་མི་ཞིག་ཡོན་ཏན་དང་འཇོན་ཐང་ལྡན་མིན་གྱི་གནད་འགག་ཡིན་པ་རེད། བཅུ་ནི་བོད་རང་གི་སྲོལ་རྒྱུན་སློབ་གསོ་དང་དེང་རབས་སློབ་གསོའི་བར་ཚན་རིག་དང་མཐུན་པར་ཟུང་འབྲེལ་བྱས་ནས་གཅིག་གི་མ་འདང་ས་གཅིག་གིས་གསབ་ཐབས་བྱ་དགོས། བཅུ་གཅིག་ནི་སྤྱི་ཚོགས་ཐོག་གི་ཁེ་ལས་པ་ཚོས་མིག་སྔའི་ཁེ་ཕན་ཕྲན་ཙམ་ལ་དམིགས་ནས་བྱིས་པའི་ལུས་སེམས་གཉིས་ཀྱི་བདེ་ཐང་ལ་གནོད་པའི་དུ་ཆང་དང་ཁ་ཟས་བེད་མེད་མི་འཚོང་བ་དང་། རྡོ་རིལ་རྩེ་ས་དང་འཕྲུལ་རྩེད་ཁང་སོགས་སུ་རྩ་བ་ཉིད་ནས་གོམ་པ་སྤོས་པའི་གནས་མེད་པ་བྱེད་དགོས། བཅུ་གཉིས་ནི་མི་རིགས་ཤིག་ཡུན་རིང་གནས་པ་དང་། དེའི་ཡུལ་སྲོལ་གོམས་གཤིས་དང་སྐད་ཡིག་བཅས་མི་ནུབ་དར་སྤེལ་གཏོང་བའི་རྩ་བ་ནི་མི་ལ་ཐུག་འདུག་པས་བོད་ཀྱི་ལས་བྱེད་པ་ཡིན་ནའང་འདྲ། ཞིང་འབྲོག་མང་ཚོགས་ཡིན་ནའང་འདྲ། རྒྱལ་ཁབ་ཀྱི་འཆར་ལྡན་བུ་བཙའི་སྲིད་ཇུས་ལྟར་ལས་བྱེད་པ་ཚོས་ཕྲུ་གུ་གཉིས་རེ་དང་ཞིང་འབྲོག་ཁྱིམ་ཚང་རྣམས་ཀྱི་ཕྲུ་གུ་གསུམ་རེ་གསོ་སྐྱོང་བྱེད་གང་ཐུབ་བྱེད་དགོས།
    མཇུག་བསྡུ་བའི་གཏམ།
    མདོར་ན་གཞི་རིམ་སློབ་གསོ་ནི་མི་སྒེར་དང་ལས་ཁུངས་ཁེར་རྐྱང་བ་ཞིག་གི་དོན་དག་རྩ་བ་ནས་མ་ཡིན་པར། སྲིད་གཞུང་དང་། ཁྱིམ་ཚང་དང་། སྤྱི་ཚོགས། སློབ་གྲྭ་བཅས་ཚང་མས་ཕྱར་བ་གྲུ་འདེགས་བྱས་ནས་སྐུལ་སྤེལ་གཏོང་དགོས་པའི་ལས་གཞི་དཀའ་ཁག་ཅན་ཞིག་རེད། སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚད་དང་འཚོ་བའི་ཁོར་ཡུག་མི་འདྲ་བས་སློབ་གསོ་བྱ་ཐབས་ཀྱང་ཡུལ་དང་དུས་ལ་བསྟུན་ནས་འགྱུར་ལྡོག་འགྲོ་བ་ནི་ཆོས་ཉིད་རེད། ང་ཚོས་རྒྱལ་ཁབ་ཀྱི་ནུབ་རྒྱུད་གསར་སྦོལ་ཆེན་པོ་བྱེད་པའི་གོ་སྐབས་དང་རེས་གསར་པའི་སློབ་གསོའི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་པའི་དུས་སྐབས་དམ་འཛིན་ཡག་པོ་བྱས་ཏེ་རང་སྐྱོན་རང་གིས་ངོས་ཟིན་པ་དང་། རང་སྐྱོན་རང་གིས་བཅོས་ཐུབ་པའི་སྤོབས་པ་བསྒྲུན་དུ་མེད་པ་བཅངས་ཤིང་། དུས་ནམ་ཡང་འཁང་ར་ལེ་འདེད་ཀྱི་ཁྲོད་དུ་དུས་མི་འདའ་བར་རང་ས་ནས་འགོ་བཙུགས་ཏེ་མི་གཅིག་ལ་མ་གཏོགས་ཤུགས་རྐྱེན་ཐེབས་སུ་འཇུག་མི་ཐུབ་ན་ཡང་ཁ་ཞེ་གཉིས་མེད་ཀྱིས་འབད་བརྩོན་བྱེད་འོས་སོ༎
  • ལེ་ཚན་སྔོན་མ།:ཞི་བདེ་ཉི་མའི་གློག་བརྙན་གྲུབ་སྟངས་ཁྲོད་ཀྱི་དམངས་སྲོལ་རིག་གནས་རིན་ཐང་།
  • ལེ་ཚན་རྗེས་མ།:《རྒན་པོ་དང་རྒྱ་མཚོ》བཀླགས་རྗེས་ཀྱི་མྱོང་སྣང་ཐན་ཐུན།
  • དོ་སྣང་ཆེ་བའི་རྩོམ།