གཙུག་གཡུ། འོད་མིག 2013-06-26
ཁོའི་གློག་བརྙན་བརྩམས་ཆོས་དེ་དག་གི་ཁྲོད་དུ་བསྟན་བྱའི་གྲུབ་སྟངས་ཁྱད་པར་ཅན་ཞིག་དང་། ལྟ་མཁན་དག་གི་སེམས་པ་སྦྲེལ་བྱེད་ཀྱི་ཐབས་ལམ་ཁྱད་པར་ཅན་ཞིག་མཆིས་པ་དེ་ནི་བོད་རང་གི་རིག་གནས་གྱི་སྲོག་ཤིང་ལྟ་བར་གྱུར་བའི་དམངས་སྲོལ་རིག་གནས་རེད།
གློག་བརྙན་པར་གཞི《སྒྲོལ་མའི་མགུལ་རྒྱན》ཁྲོད་དུ་མངོན་པའི་དམངས་སྲོལ་གྲུབ་ཆ་དེ་དག་ནི་མི་སྣའི་སེམས་ཁམས་ཀྱི་བགས་སུ་ཞུགས་པའི་བླ་སྲོག་ལྟ་བུར་གྱུར་ཡོད་ལ། གཏམ་རྒྱུད་ཀྱི་བྱུང་རིམ་དང་སྒྲིག་བཀོད་ནང་ཡོངས་སུ་འདྲེས་ཤིང་འབྲེལ་ནས། གློག་བརྙན་སྤྱིའི་བརྗོད་བྱ་ལ་རམ་འདེགས་གྱི་ནུས་པ་མངོན་གསལ་ཐོབ་ཡོད་པ་རེད།
གློག་བརྙན་ཁྲོད་དུ་བྱུང་བའི་གཏམ་རྒྱུད་ནི་བོད་རིགས་བྱིས་པ་གཉིས་མི་སྣ་གཙོ་བོར་གྱུར་ཞིང་། ཁོ་གཉིས་ཀྱིས་ཆེས་དྭངས་གཙང་གི་རེ་སྨོན་ཞིག་ལ་སེམས་ཀྱིས་རེ་སྒུག་བྱས་ཡོད་པ་ཞིག་ཡིན་ལ། རེ་སྨོན་གྱི་དོན་བྱ་དེ་ལྟ་བུ་ཞིག་ལ་བརྟེན་ནས་གཏམ་རྒྱུད་བྱུང་བ་ཞིག་ཡིན། གཏམ་རྒྱུད་འདིའི་ཁྲོད་དུ་ཆེས་སེམས་འགུལ་ཐེབས་པའི་བྱུང་རིམ་གྱི་ཞིབ་ཕྲའི་སྟེང་ནས་ལྟ་མཁན་གྱི་སེམས་ཁམས་སུ་བཞག་པའི་ཚོར་འདུ་དྲག་པོ་དེ་དག་ཀྱང་དམངས་སྲོལ་གྱི་ཞིབ་ཕྲའི་སྟེང་ཐོན་པ་ཞིག་ཡིན། དཔེར་ན་གློག་བརྙན་མགོ་བརྩམས་ནས་སྐར་མ་བཞི་ལྔའི་བར་དུ་སྒྲོལ་མའི་ཨ་མ་ལྷ་མོ་སྔ་མོ་ནས་ལངས་ཏེ་ཐོག་མར་བསྒྲུབ་དགོས་པ་སྟེ། ཁོ་མོས་རྩམ་པ་སྤར་མོ་གང་ཁྱེར་ནས་སྦྲ་ཁྱིམ་གྱི་སྒོ་ཁ་རུ་རྡོ་ལེབ་ཅིག་གི་སྟེང་ཚ་གསུར་ཕུད་པ་དེ་ཡིས་བོད་མི་ཡི་ཉིན་གཅིག་གི་མགོ་བརྩམས་པ་དང་གློག་བརྙན་གྱི་མགོ་ཡང་དངོས་སུ་བརྩམས་པ་རེད། དེ་ནས་བྱིས་པ་གཉིས་རི་སྒང་དུ་ཟོག་འཚོ་དུས་ཁོ་གཉིས་ཀྱིས་རྩེད་ཆས་འབའ་འདེབས་པ་ལས་བྱིས་པ་གཉིས་ཀྱི་ཁེར་རྐྱང་ཁྲོད་ཀྱི་དགའ་སྣང་དང་། དེ་དང་མཐུད་ནས་སྒྲོལ་མའི་ཨ་ཕའི་བྱུར་རུའི་སྐེ་རྒྱན་ཞིག་ཉོས་ཡོང་བར་རེ་སྒུག་བྱེད་པའི་མགོ་དངོས་སུ་ཚུགས་སོང་།
བྱིས་པ་གཉིས་ཟོག་རྗེས་ནས་ཕྱིར་ཡུལ་ལ་ལོག་ནས་མཚན་མོ་མ་བུ་གསུམ་གྱིས་གོ་ཁ་དྲོན་མོའི་ནང་དུ་ཁ་བརྡ་བྱེད་པའི་ཞོར་དུ། བྱིས་པ་གཉིས་ཀྱིས་རིལ་མ་སྦས་རེ་བྱེད་པ་དང་། ཁེད་བཤད་པ། སྒྲོལ་མ་གོ་འདོན་བྱེད་པ་སོགས་དཔེར་ན་ཉིན་གཅིག་གི་འཚོ་བའི་བྱུང་རིམ་ཁྲོད་དུའང་། སྲོལ་དེ་དག་ནི་གཏམ་རྒྱུད་སྟར་ལ་བརྒྱུས་བྱེད་ཀྱི་ཕྲེང་ཐག་ལྟ་བུར་གྱུར་ཡོད། ལྷག་པར་དུ་སྐལ་བཟང་དང་སྒྲོལ་མ་གཉིས་ཟོག་རྗེས་ནས་དགོན་པར་རྒྱུག་ནས། ཆུང་དུས་རྩེད་རོགས་དང་རྗེས་སུ་བན་དེ་བྱས་ཡོད་པའི་ཤེས་རབ་ཡོད་ས་ནས། མོ་ཞིག་བཏབ་ནས་ཁོ་མོས་ཉིན་དང་མཚན་ལ་རེ་སྒུག་བྱས་པའི་སྐེ་རྒྱན་དེ་ཉོས་ཡོད་མེད་ལ་མོ་ཞིག་འདེབས་པར་རེ་འདོད་ཞུས་པ་དེའང་བོད་པའི་སྲོལ་རྒྱུན་འཚོ་བའི་ཁྲོད་གཏན་ནས་མེད་དུ་མི་རུང་ཞིང་། བོད་མིའི་དད་འདུན་དང་འབྲེལ་བ་དམ་ཟབ་ཡོད་པའི་སྲོལ་ཞིག་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད། མོ་འདེབས་པའི་གོ་རིམ་དེ་ལས་ཤེས་རབ་ཀྱི་བཅོས་མ་མིན་པའི་བཟོ་ལྟ་དང་བྱིས་པ་དག་གི་གདོང་གི་བདེ་སྐྱིད་འཛུམ་མདངས་དང་དགོད་སྒྲ་དེས་གཏམ་རྒྱུད་དེ་རིམ་བཞིན་ལྟ་མཁན་དག་གི་སེམས་གཏིང་དུ་ཁྲིད་པ་རེད། དེ་ལྟར་སྒྲོལ་མ་དང་སྐལ་བཟང་གཉིས་ཀྱིས་ནགས་ཚལ་ཁྲོད་འབུད་ཤིང་བཏུ་དུས་ཀྱང་སྒྲོལ་མས་སྐལ་བཟང་ལ་འབུད་ཤིང་རློན་པ་གཅོད་མི་ཉན་པའི་སྲོལ་བཤད་པ། སྒྲོལ་མའི་རྩེད་རོགས་བུ་མོ་ལྷ་་སྐྱིད་བཙན་གྱིས་གནས་ལ་བྱིན་ནས་འགྲོ་དུས་ལམ་ཁར་སོང་ནས་སྐྱོ་བའི་སེམས་ཀྱིས་སྐྱེལ་མ་བྱས་ཚུལ། མཚན་མོའི་རྨི་ལམ་ཁྲོད་དུ་སྐེ་རྒྱན་བཏགས་ནས་ཞབས་བྲོ་འཁྲབ་པ། སྐལ་བཟང་གཅིག་པུས་ཟོག་རྗེས་ནས་རྡོ་དང་ས་ཐོ་སོགས་ཀྱིས་རྩེད་ར་ལས་ནས་རྩེད་པ། ཨ་མས་སྒྲོལ་མ་ལ་བོད་པའི་བུ་མོ་ཞིག་གི་མཛེས་སྡུག་དེ་བྱུར་རུའི་སྐེ་རྒྱན་ཡིན་ཚུལ་བཤད་པ། ཨ་ཕ་མགོན་ཐོས་རྫོང་ཐོག་ནས་ཨ་ལགས་ཚང་ལ་ཁྱིམ་ཚང་གི་དོན་བྱ་ཞུ་འབུལ་བྱས་ཚུལ་དང་། ཨ་ལགས་ནས་ཁོ་བོར་གནངས་པའི་ཆོས་དཔེ་དེ་ཁྱིམ་མི་གང་བོའི་མགོ་ཐོག་ཏུ་བཞག་ནས་ཆོས་ཀྱི་བྱིན་རླབས་ལ་རེ་ཚུལ། བུ་མོ་སྒྲོལ་མའི་བྱུར་རུའི་སྐེ་རྒྱན་ལ་བཅིངས་པའི་སེམས་འདུན་དྲག་པོ་དེ་བསྐོང་ཆེད། ཁྱིམ་མི་ཚང་མས་གྲོས་བྱས་ནས་རང་ཚང་གི་འབྲི་མོ་གཅིག་པོ་དེ་འཚོང་རྒྱུ་བྱས་ཚུལ། མཇུག་མཐར་འབྲི་མོ་ཟོག་ཉོ་མཁན་གྱིས་སྙིང་རྗེ་མེད་པར་གཅར་རྡུང་སྐོར་གསུམ་བྱས་ནས་ཁྲིད་འགྲོ་དུས། སྒྲོལ་མའི་རང་ཉིད་ཀྱིས་ཉིན་དང་མཚན་ལ་རེ་སྒུག་བྱེད་པའི་ཕྱི་ཡི་མཛེས་སྡུག་གི་གྲུབ་ཆ་སྟེ་བྱུར་རུའི་སྐེ་རྒྱན་དང་། རང་ལ་འོ་མ་མར་ཆུར་གྱིས་དྲིན་ཆེ་བའི་འབྲི་མོ་རང་ཡུལ་དང་ཁ་བྲལ་ནས་སྡིག་ཅན་རྔོན་པས་ཁྲིད་འགྲོ་བར་སྙིང་རྗེ་བཟོད་ཀླག་མེད་པ་སྐྱེས་ནས། མིག་ཆུ་ཁྲོམ་ཁྲོམ་ངང་རང་གི་ཨ་ཕའི་ལག་གི་ཟོག་རིན་གྱི་སྒོར་མོ་འཕྲོག་སྟེ་ཚོང་བ་གཉིས་ཀྱི་རྗེས་སུ་རྒྱུགས་ཏེ་སྒོར་མོ་ཚོང་བ་གཉིས་ལ་ཕྱིར་སྤྲད་པ་དང་། འབྲི་མོ་ཁྲིད་ནས་ཕྱིར་ཡངས་པའི་རྩྭ་ཐང་སྟེང་དུ་ཡལ།
གློག་བརྙན《ཨ་རིག་བུ་མོ་འབྲི་བརྒྱ་མ》ཁྲོད་ཀྱི་པར་རིས།
དམངས་སྲོལ་གློག་བརྙན《ཨ་རིག་བུ་མོ་འབྲི་བརྒྱ་མ》ནི་བོད་ཀྱི་གཉེན་སྲོལ་རྐྱང་བའི་གློག་བརྙན་འཕྲིན་གྱི་ལམ་ནས་མཚོན་པའི་ཅུང་ལེགས་འགྲུབ་བྱུང་བའི་བརྩམས་ཆོས་ཅིག་རེད། གློག་བརྙན་འདིའི་ཐོག་མཐའ་བར་གསུམ་གང་ལའང་དམངས་སྲོལ་གྱི་ནུས་པ་མ་ཐོན་པས་མེད་ལ། མི་ཡི་འགྲོ་འདུག་བྱ་འགུལ་དང་། གནས་ཡུལ། སྐད་ཆ། ཆ་དཔྱད། བཟའ་བཏུང་སོགས་གང་གི་ཐད་ནས་ཀྱང་དམངས་སྲོལ་དང་མ་འདྲེས་པ་མེད་ལ། མི་སྣ་གཙོ་བོ་བཀྲ་ཤིས་ནོར་བུ་དང་བུ་མོ་གཡང་དཀར་སྒྲོལ་མ་གཉིས་ཀྱི་ཐོག་མའི་བརྩེ་འདང་ཆགས་པའི་གོ་རིམ་དང་། བར་དུ་ཁྱིམ་མིས་རང་འཐད་ཀྱི་གཉེན་དོན་ལ་བཀག་རྒྱ་ཅུང་བཟོས་ཚུལ། མཐའ་མར་རང་གི་བློ་མོས་ཇི་བཞིན་གཉེན་སྡེབས་ནས་ཁྱིམ་གཞི་གཅིག་ལ་འཛོམས་པར་བྱས་པའི་བྱུང་རིམ་དེའང་དངོས་ཡོད་འཚོ་བའི་གཏན་སྲོལ་དང་མཐུན་ཞིང་། གློག་བརྙན་འདིའི་སྒྲིག་བཀོད་ཐད་ནས་ཀྱང་དེ་སྔོན་ཕབ་བསྐྲུན་བྱས་པའི་གཉེན་སྟོན་བརྙན་འཕྲིན་ལྟ་བུ་ཞིག་མིན་པར། མཚོན་སྟངས་ཐད་ནས་དམངས་སྲོལ་ཀྱང་ཡིན་ལ་ཟློས་གར་ཡང་ཡིན་པ། མི་སྣ་གཙོ་བོའི་བྱ་འགུལ་དང་སེམས་འགྱུར་སོགས་ཀྱང་ཟློས་གར་གྱི་ལམ་ནས་མཚོན་པ་འོས་ཤིང་མཚམས་པ་ཞིག་ཡིན། དེའི་བྱུང་རིམ་ཐད་ནས་ཟློས་གར་གྱི་འགྲོ་ལུགས་ལྟར་དུ་འགྱུར་ལྡོག་དང་འགལ་འདུ་སོགས་ལས་གྲུབ་པའི་ཕྱིའི་རྣམ་པའི་སྟེང་གི་མཐོ་རླབས་ཛ་དྲག་ཅིག་དང་། དགའ་སྐྱོ་སྡུག་གསུམ་སོགས་སེམས་ཀྱི་འགྱུར་བའི་མཐོ་རླབས་ཆེན་པོ་ཞིག་མེད་ནའང་། ལྟ་མཁན་དག་གིས་མིག་ལམ་དུ་མཛེས་ཤིང་ཡིད་དུ་འོང་བའི་སེམས་བཤིས་ཀྱི་སྣང་བརྙན་ཁྱད་པར་བ་ཞིག་དང་། སེམས་སུ་འཇགས་ཐབས་བྲལ་བའི་སྐྱོ་ཤས་ཤིག་དང་གདུང་བའི་་ཚོར་བ་ཤུགས་བསྟན་ནས་ཀྱང་སྟེར་བ་རེད། ལྷག་པར་གློག་བརྙན་འདིའི་བརྗོད་བྱར་རམ་འདེགས་བྱེད་་པའི་ཐབས་ལམ་གཞན་ཞིག་ནི། དམངས་ཁྲོད་རོལ་དབྱངས་ཀྱི་ལམ་ནས་བསྟན་བྱ་དེར་རམ་འདེགས་ཀྱི་ནུས་པ་ཐོན་པ་ནི་དངོས་ནས་ལེགས་འགྲུབ་བྱུང་ཡོད་པ་རེད།
གློག་བརྙན་འདིའི་ལྟ་དཔྱད་ཚོགས་འདུའི་སྟེང་འབྲེལ་ཡོད་ཆེད་མཁས་པ་མང་པོ་ཞིག་གིས་བོད་ཀྱི་དམངས་སྲོལ་གློག་བརྙན་གྱི་ལམ་ནས་མཚོན་པའི་ཐབས་ལམ་ཡག་པོ་ཞིག་རྙེད་པ་དང་། ལམ་སྣེ་ཡག་པོ་ཞིག་བསྟན་སོང་ཟེར་ནས་གདེངས་འཇོག་ཆེན་པོ་གནངས་སོང་བ་རེད།
གློག་བརྙན《མོ་སྟོན་ཕག་མགོ》ཁྲོད་ཀྱི་པར་རིས།
ལྷག་པར་དུ་བོད་མདོ་དབུས་ཁམས་གསུམ་ལ་གྲགས་འགུལ་ཆེན་པོ་བཟོས་པའི་བོད་སྐད་ཀྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཐོག་མ་སྟེ《མོ་སྟོན་ཕག་མགོ》ནི། བོད་རིགས་དམངས་ཁྲོད་གཏམ་རྒྱུད་གཞིར་བཟུང་ནས་བཅོས་བསྒྲིག་བྱས་པ་ཞིག་ཡིན་ལ། བརྙན་འཕྲིན་ཟློས་གར་འདི་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་ནས་བརྒྱུད་གཏོང་བྱས་ནས་བོད་ཀྱི་རོང་འབྲོག་གྲོང་བརྡལ་ནས། དགོན་པ་ལས་ཁུངས་དང་། སློབ་གྲྭ་ཆེ་ཆུང་ནས་སྒྱུ་རྩལ་ལས་རིགས་སོགས་སུ་སྔར་བྱུང་མ་མྱོང་བའི་གྲགས་འགུལ་ཞིག་དང་། མི་རྣམས་ཀྱི་སེམས་སུ་དུས་ཡུན་རིང་བོ་ཞིག་ལ་བརྗེད་ཐབས་བྲལ་བའི་གཟུགས་བརྙན་དང་གཏམ་རྒྱུད་གསོན་ཉམས་ལྡན་པ་ཞིག་མ་ཡལ་བར་ཡོད་ལ། མི་རྣམས་ཀྱི་ཁ་ན་ད་དུང་སྨྲས་མི་ཚར་བའི་བརྗོད་གཞི་ཞིག་ལ་གྲུབ་ཡོད་པ་འདི་དག་ནི་ཞི་བདེ་ཉི་མའི་སྒྱུ་རྩལ་གྱི་ཉམས་འགྱུར་ལ་རག་ལས་མོད། ཆེས་གཙོ་བོར་གྱུར་བའི་སྒྲུབ་གཞི་ནི་བོད་ཀྱི་དམངས་སྲོལ་རྩོམ་རིག་དེ་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་མི་རྣམས་ཀྱི་སེམས་སུ་རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་གྱུར་ཡོད་པ་དེ་ཡིན་ལ། དེང་གི་དུས་སུ་གློག་བརྙན་དང་བརྙན་འཕྲིན་བོད་སྒྱུར་མ་དག་དང་བསྡུར་ཚེ། ་རང་རེའི་ལྷད་མེད་པའི་ཕ་སྒྲུང་མ་སྒྲུང་འདི་ལྟ་བུ་ལ་ཞེན་སེམས་ཡོད་པའང་ཤུགས་ཀྱིས་བསྟན་པ་རེད།
དྲ་ངོས་སུ་རིང་ཐུང་སྐར་མ་བཞི་ཙམ་ལས་མེད་པའི་གློག་བརྙན་ཐུང་ཐུང་རྫི་གླུ་ཟེར་བ་དེ་ནི་ཞི་བདེ་ཉི་མ་ཆེས་དགའ་བའི་བརྩམས་ཆོས་ཅིག་རེད། དེ་ནི་བོད་རིགས་བྱིས་པ་ཞིག་གི་དྭངས་གཙང་གི་སེམས་ཁམས་དང་། རང་བྱུང་ཁམས་ཆེན་པོའི་མཛེས་སྡུག་གཞི་གཅིག་ཏུ་གྲུབ་པའི་མ་བཅོས་ལྷད་མེད་ཀྱི་རང་བྱུང་རྫི་གླུ་ཞིག་རེད། གློག་བརྙན་ཐུང་ཐུང་འདིའི་བརྗོད་བྱ་གྲུབ་སྟངས་དེའང་བོད་ཀྱི་དམངས་སྲོལ་ཀྱི་ཤེས་རིག་ཅིག་ལས་ཐོན་པ་དང་། བོད་མིའི་རིན་ཐང་གི་ལྟ་བ་ཞིག་དང་འདུ་ཤེས་འཛིན་སྟངས་ལས་གྲུབ་པ་ཞིག་ཀྱང་ཡིན། ཁོས་བཤད་པ་ལྟར་ན་གློག་བརྙན་ཐུང་ཐུང་དེ་ནི་ཁོ་རང་གློག་བརྙན་སློབ་ཆེན་དུ་སློབ་སྦྱོང་བྱེད་དུས་ལས་བྱའི་ཚུལ་དུ་ཕབས་པ་ཞིག་ཡིན་ལ། རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་ཆེད་མཁས་པས་གདེངས་འཇོག་ཚད་མཐོན་པོ་བྱས་མྱོང་ལ། རང་ཉིད་ཀྱི་གློག་བརྙན་འཁྲབ་ཁྲིད་པའི་ཆུ་ཚད་ལ་ཚད་མཇལ་བྱེད་ཀྱི་བརྩམས་ཆོས་ཀྱང་ཡིན་ཟེར།
མདོར་ན་ཞི་བདེ་ཉི་མའི་གློག་བརྙན་དང་བརྙན་འཕྲིན་ཟློས་གར་ཁྲོད་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་དང་དེ་དག་གི་བྱུང་རིམ་ཁྲོད་དུ་མཐོང་གཟུགས་ཀྱི་ལམ་ནས་གྲུབ་པའི་དམངས་སྲོལ་དང་། སེམས་ཁམས་སུ་ཞུགས་པའི་དམངས་སྲོལ་གྱིས་ཁོའི་གློག་བརྙན་བརྩམས་ཆོས་ཁྲོད་ཀྱི་མི་སྣ་བཞེངས་གྲུབ་དང་བརྗོད་བྱ་ཟབ་ཏུ་བསྐྱེད་པར་ནུས་པ་བླ་ལྷག་གིས་ཐོན་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10