མི་གཤིས་གཤགས་བཅོས་ཀྱི་མཛེས་སྡུག

བསོད་ནམས་རྒྱལ།        2013-06-03

སྐུ་ཞབས་རང་སྒྲ་ལགས་ཀྱི་སྒྲུང་ཐུང༼བྱི་ལའི་གཏམ་རྒྱུད༽ཉིད་སྤེལ་ནས་བགྲང་བྱ་བཅུ་ལྷག་འགོར༼༢༠༠༠ལོའི༼སྦྲང་ཆར༽དེབ་གསུམ་པར་བཀོད་ཡོད༽ཡང་།
བོད་ཀྱི་དེང་རབས་བརྩམས་སྒྲུང་གི་མདུན་ལྗོངས་ལ་དོ་སྣང་དང་།བོད་ཡིག་དེང་སྒྲུང་ཀློག་པར་སྤྲོ་མཁན་ཞིག་གི་ཆ་ནས།ཁོ་བོས་སྒྲུང་ཐུང་དེ་ཐེངས་ཅི་ཙམ་ལ་བཀླགས་པ་དེ་ཙམ་གྱིས་རོལ་མྱོང་གི་བྲོ་བས་ཀུན་ནས་ཕྱུག་པ་ཞིག་དང་།དཔྱད་རིན་ཡང་བླ་ལྷག་ཏུ་ལྡན་པ་ཞིག་ཏུ་ངོས་འཛིན་བྱས་ཡོད། ༼བྱི་ལའི་གཏམ་རྒྱུད༽འདི་བོད་ཀྱི་དེང་རབས་རྩོམ་སྟེགས་ནས་གལ་ཆེ་ཞིང་ཐུན་མོང་མ་ཡིན་པར་འདུག་པ་ནི་སྒྲུང་ཐུང་འདིས་མི་གཤིས(人性)གཙོ་གནད་དུ་བཟུང་སྟེ་གཤགས་བཅོས་མཐིལ་ཕྱིན་པ་བྱས་པར་རེད་སྙམ།
སྤྱིར་མི་གཤིས་ཀྱི་ངོ་བོར་འཛམ་གླིང་ཤར་ནུབ་ཀྱི་མི་རིགས་སོ་སོར་ངོས་འཛིན་ཚུལ་འདྲ་མིན་སྣ་ཚོགས་སུ་མཆིས་ཏེ།ཡེ་ཤུ་ཆོས་ལུགས་ལ་དད་ཆེ་བའི་ནུབ་གླིང་པས་མི་གཤིས་ཀྱི་ངོ་བོ་ནི་ཉེས་སྡིག་ཅན(你罪说)དུ་སྨྲ་ལ།རྒྱའི་རིག་གནས་ཀྱིས་གདོད་མའི་མི་གཤིས་ཀྱི་ངོ་བོ་དེ་དགེ་བའི་ངང་ཚུལ་དུ་འདུག་པ་དང་།སངས་རྒྱས་ཆོས་ལུགས་ཀྱི་ཤན་ཤུགས་ཆེ་བའི་བོད་ཀྱིས་ནི་དུག་གསུམ་མམ་དུག་ལྔ་ལ་བརྟེན་ནས་མི་གཤིས་དེ་ཉོན་མོངས་ཀྱི་རང་བཞིན་དུ་ལྟུང་སླ་ཞིང་།མི་ཚེ་མ་གཞི་ནས་སྡུག་བསྔལ་གྱི་རང་བཞིན་དུ་འདོད་པས།བྱང་ཆུབ་ཀྱི་སེམས་བསྐྱེད་དེ་ལྟ་སྒོམ་སྤྱོད་གསུམ་གྱི་མཛད་པ་ལྷུར་བླངས་ཚེ་དེ་ལས་འཚང་རྒྱ་རྒྱུ་ཡོད་པར་སྟོན།གང་ལྟར་རང་བྱུང་སྲོག་ཆགས་ཀྱི་རང་གཤིས་དང་ཕྱིས་ཀྱི་སྤྱི་ཚོགས་ཀྱི་རང་གཤིས་བཅས་ཁྱད་ཆོས་གཉིས་ལྡན་གྱི་མི་ནི་དགེ་སྡིག་གཉིས་སྣང་གི་ཕུང་བོ་ཅན་ཞིག་དང་།འགལ་བར་འདུག་པའི་ཁྱད་ཆོས་དེ་གཉིས་མིའི་རང་གཤིས་སུ་རྟེན་ཅིང་འབྲེལ་བར་རྩོད་སྒྲུབ་ཏུ་གནས་པ་ནི་ཆོས་ཉིད་དུ་གྲུབ།མི་གཤིས་དེ་ཉིད་རྩོམ་རིག་གི་ལམ་ནས་མཚོན་པར་བརྩམ་ཚེ་དེ་ལ་དམིགས་བསལ་གྱི་རིན་ཐང་ངེས་པར་ལྡན་པ་སྟེ།སྒྲུང་གཞུང་དུ་མི་གཤིས་ནི་བརྩམས་སྒྲུང་གི་ཆེས་མཇུག་མཐའི་ཟབ་ཚད་ཡིན་ཞེས་པ་ནང་བཞིན་རེད།
བརྩམས་སྒྲུང་འདིའི་མགོར་བྱི་ལ་ནི་རང་གཤིས་འཇམ་ཞིང་ངང་རྒྱུད་དུལ་བ་དང་།བྱི་དོར་ལ་དགའ་བའི་སྲོག་ཆགས་ཧ་ཅང་སྙིང་རྗེ་ཞིག་ཡིན་པ་བསྟན་པ་ནས།དེའི་སྡེར་མོ་སྤྱིར་བཏང་དུ་སྤུ་གསེང་དུ་ཐུམ་ཡོད་ཀྱང་བྱི་བ་འཛིན་པའི་ཚེ་ད་གཟོད་སྟག་གི་མཆོངས་རྩལ་དང་།སྟག་གི་མཆེ་བ།སྟག་གི་སྡེར་མོ་སོགས་ཇི་ལྟར་བཀོལ་ཚུལ།བྱི་བ་བཟུང་རྗེས་གཡས་ལག་གཡུགས་ཐེངས་གཅིག་གིས་གཡོན་ཕྱོགས་སུ་འཕེན།གཡོན་ལག་གིས་གཡས་ཕྱོགས་སུ་བརྫངས།ལག་གཉིས་བར་ནས་གནམ་ལ་འཕེན།ས་ལ་མ་རེག་པའི་བར་ལ་ཁ་ཡིས་འཛིན།དེ་ལྟར་ཚེ་སྲོག་གི་རོལ་རྩེད་ཡིད་ཚིམས་པ་ཞིག་བྱས་རྗེས་ཤུལ་ནས་སྤུ་ཉག་ཙམ་ཡང་མི་བསྐྱུར་བར་ཡོངས་སུ་ཟ་བའི་ཚུལ་ཞིབ་འབྲི་ཕུལ་དུ་བྱུང་བ་བྱས་ཡོད། རྩོམ་འདིའི་ཞིབ་འབྲི་གཉིས་པ་ནི་ཁོ་ཚང་གི་མཛོ་མོས་རྟོལ་ཕྲུག་བཙས་རྗེས་རྟོལ་ཕྲུག་དེས་དོང་ནང་ནས་རང་གི་ཨ་མ་མཐོང་འདོད་ཀྱི་རྣམ་འགྱུར་དང་གསོན་འདོད་ཀྱི་ཆེད་དུ་ཇི་ལྟར་ཡོམ་སྣར་མི་བརྟན་པའི་རྐང་ལག་ལ་བརྟེན་ནས་ཡར་ལངས་གྲབས་བྱེད་པའི་ཚུལ་དང་།བདག་པོར་བྱི་ལའི་མཆོངས་རྩལ་དང་བྱི་ལའི་སྡེར་མོ་མེད་ནའང་རྟོལ་ཕྲུག་གི་མཆུ་ཏོ་བསྡམས་ཏེ་དབུགས་ཀྱི་རྒྱུ་བ་བསྒགས་པའི་ཚུལ་གསོན་ཉམས་ལྡན་པ་དང་བདེན་སྣང་གིས་ཕྱུག་པར་བྲིས་ཡོད། ཞིབ་འབྲི་འདི་གཉིས་སྤྱིར་བཏང་དུ་སྒྲུང་འདིའི་མཐའ་མཇུག་གི་དམིགས་ཡུལ་དངོས་མིན་མོད།འོན་ཀྱང་ཏག་ཏག་ལ་འདི་གཉིས་ཀྱི་ཕྱོགས་སུ་སྨྱུག་ཁ་བསྒྱུར་ལེགས་པས།རྩོམ་པ་པོས་བསྟན་འདོད་ཀྱི་གནད་གཙོ་བོ་སྟེ།བདག་པོས་ཨ་མཆོད་གདན་འདྲེན་བྱེད་ཆེད།རང་ཁྱིམ་གང་བོར་མར་དང་འོ་མས་སྦྱིན་པ་ཕངས་མེད་དུ་བཏང་མྱོང་བའི་མཛོ་མོའི་ལག་པར་ཐག་པ་བསྐོན་ཏེ།གློ་བུར་དུ་མི་གཞན་ཞིག་ཏུ་འགྱུར་བ་ལྟར་བྱི་ལའི་མཆོངས་རྩལ་སྤྱད་དེ་མཛོ་མོ་ས་རུ་བསྒྱེལ་ཞིང་།སྤུ་གྲི་ཞིག་གིས་མཛོ་མོའི་བྲང་དཀྱིལ་ནས་གཤགས་ཏེ་ཡ་ཆུང་དུ་དཔུང་ངར་བར་དུ་ལག་པ་བཏང་སྟེ་ཁྲག་དམར་ཤལ་ལེར་ཕྱུངས་པའི་ཚུལ་དེ་ལས།ཁོ་ལ་བྱི་ལའི་སྡེར་མོ་ལས་ཀྱང་སུམ་འགྱུར་གྱིས་རྣོ་བའི་སྡེར་མོ་ཞིག་ཤ་གསེང་དུ་བསྐུངས་ཡོད་པ་ཤེས་ཐུབ་བྱ་བ་ནི་བརྗོད་འདོད་དང་པོ་དང་།ཕ་གྲགས་པ་འབྱུང་གནས་ཀྱིས་མཛོ་མོ་བདུན་ལ་བརྗེ་ཞིང་།རིག་གསར་གྱི་སྐབས་སུ་རང་སྲོག་ལ་ཐུག་ཀྱང་ཕྱི་རུ་འཆོར་དུ་མ་བཅུག་པའི་སྐེ་རྒྱན་དེ།ཕའི་བཙོན་གྲོགས་ཡིན་པའི་ཨ་མཆོད་ཀྱིས་ཕྱག་མོ་ཙམ་བཏབ་པ་ལ་བརྟེན་ནས་རང་ལག་ཏུ་འཐོབ་པ་ནི་བརྗོད་འདོད་གཉིས་པ་ཡིན།ཆོས་རྫུས་པ་ཚོས་མི་སེར་གྱི་ལག་ནས་དངོས་རྫས་གཡོ་ཐབས་ཀྱིས་ལེན་པ་འདི་བོད་ཀྱི་དེང་རྩོམ་གྱི་ཁྲོད་དུ་བརྗོད་གཞི་རྙིང་བ་ཞིག་ཡིན་མོད།རྩོམ་འདིར་དེ་དག་བྱི་ལའི་རང་གཤིས་ཏེ་སྤྱིར་བཏང་དུ་སྡེར་མོ་ཤ་གསེང་དུ་ཐུམ་ཡོད་ཀྱང་གནད་འགག་གི་སྐབས་སུ་མཆེ་གཙིགས་སྡེར་བགྲད་དུ་མངོན་འོངས་པའི་ཚུལ་དེ་དང་སྦྲགས་ཡོད་པས།རྩོམ་འདིའི་བརྗོད་གཞི་ཕལ་བ་ཐུན་མོང་ཅན་དེ་ཐུན་མིན་ཅན་དུ་གྱུར་ཏེ།མི་གཤིས་ཀྱི་ཟབ་ས་ནས་བརྗོད་དོན་གཏན་ལ་ཕབ་ཡོད།
 སྒྲུང་ཐུང་འདིའི་ཕུལ་དུ་བྱུང་བའི་ཆ་གཙོ་བོ་ནི་བརྗོད་དོན་སྔ་མ་སྔ་མས་ཕྱི་མ་ཕྱི་མ་དྲངས་འོངས་པ་དེ་རེད།གོང་གི་བྱི་ལས་བྱི་བ་འཛིན་སྐབས་ཀྱི་ཞིབ་འབྲི་ནས།བར་གྱི་བདག་པོས་རྟོལ་ཕྲུག་བསད་ཅིང་བཞོན་མ་བཤས་པའི་ཚུལ།དེ་ནས་མཇུག་གི་ཨ་མཆོད་ཀྱིས་སྐེ་རྒྱན་ལེན་པ་སོགས།ཆ་དེ་དག་རེ་རེ་ལྷན་དུ་སྦྲེལ་བྱེད་ནི་ཁོང་ཚོ་སུ་དང་གང་ཡིན་ཡང་ཤ་གསེང་དུ་མི་མངོན་པར་བསྐུངས་ཡོད་པའི༼སྡེར་མོ༽དེ་དག་རེད།འདོད་ཧམ་དང་གདུག་རྩུབ་ཀྱི་རྐྱེན་པས་གཅིག་གི༼སྡེར་མོ༽གཅིག་ལས་རྣོ་ཞིང་།དགོས་གལ་བྱུང་ཚེ་ཡོད་ཚད་ཀྱི་ཡོད་ཚད་རྨེག་མེད་དུ་གཏོང་ཐུབ།རྩོམ་མགོའི་བྱི་ལས་བྱི་བ་འཛིན་སྐབས་ཀྱི་ཞིབ་འབྲིའི་ཆ་དེས་གཞུག་གི་བདག་པོ་དང་ཨ་མཆོད་སོགས་ཀྱི་འདོད་ཧམ་དང་གདུག་རྩུབ་ཀྱི་རང་གཤིས་གསལ་བར་སྟོན་པར་ཡིད་བརྙན་ཕུན་སུམ་ཚོགས་པ་བསྐྲུན་ཅིང་།བྱི་ལ་དང་མི་གཉིས་ཀྱི་རང་གཤིས་གཤིབ་བསྡུར་ལྟར་བྲིས་པ་ལས་བརྗོད་དོན་མངོན་སྣང་ཅན་དུ་བསྟན་པ་ལ་རྨང་གཞི་ལེགས་པོ་བཏིངས་ཡོད་དོ།།སྒྲུང་གཞུང་དུ༼ཚགས་དམ་པའི་བྱུང་རིམ་བཀོད་སྒྲིག་ལས་ཕུལ་དུ་བྱུང་བའི་སྒྲུང་ཐུང་ཐོན་ཐུབ་ཀྱང་སྒྲུང་རིང་ལེགས་གྲས་བསྐྲུན་དཀའ་བ་ཡིན༽ཞེས་པ་ལྟར།སྒྲུབ་ཐུང་ལེགས་གྲས་ལ་མཚོན་ན་བྱུང་རིམ་མི་སྣ་ལས་རྙེད་སླ་ཞིང་སྙེག་ཐུབ་པ་ཞིག་ཡིན་པས་སྒྲུང་ཐུང་གིས་སྤྱིར་བཏང་དུ་བྱུང་རིམ་གྱི་ཕྱོགས་ལ་དོ་སྣང་བྱེད་ཟེར་མོད།༼བྱི་ལའི་གཏམ་རྒྱུད༽ནི་དེ་ལས་འདས་པ་ཞིག་ཡིན།འདིའི་ནང་དུ་ཕ་གྲགས་པ་འབྱུང་གནས་ཀྱིས་སྐེ་རྒྱན་ཉོས་པ་དང་ཨ་མཆོད་ཀྱིས་ཁོ་ཚང་ནས་རིམ་གྲོ་བསྒྲུབས་པའི་དོན་རྐྱེན་རེ་གཉིས་ལས་མགོ་རྔ་ཆ་ཚང་ཞིང་མུ་ཏིག་བསྟར་ལ་བརྒྱུས་འདྲའི་བྱུང་རིམ་བཀོད་སྒྲིག་ནི་ཧ་ལམ་མེད།ཚུལ་འདིས་ཀྱང་སྒྲུང་ཐུང་འདིས་བོད་ཀྱི་དེང་རྩོམ་གྱི་ཁྲོད་ནས་ཐོལ་བརྒལ་བྱུང་བའི་གྲུབ་འབྲས་མངོན་དུ་རུང་བ་བླངས་པ་མཚོན་ཐུབ་སྟེ།གལ་སྲིད་བརྩམས་སྒྲུང་གི་ཐབས་རྩལ་ལ་བྱང་བ་ཞིག་ཡིན་ཚེ།མཚར་ལ་རིང་བའི་གཏམ་རྒྱུད་དང་ཀྱག་ཀྱོག་གི་བྱུང་རིམ་དེ་དག་སྤངས་ནས་ཕུན་སུམ་ཚོགས་པའི་ཡིད་བརྙན་དང་གནད་དུ་ཐིངས་པའི་ཞིབ་འབྲི་བཅས་ལ་བརྟེན་ཡང་སྒྲུང་ཐུང་ཕུལ་དུ་བྱུང་བ་མི་འཁྱོངས་བའི་ངེས་པ་ཡེ་ནས་མེད།
ཞར་བྱུང་དུ།སྒྲུང་ཐུང་འདིའི་ནང་བྱི་རུའི་སྐེ་རྒྱན་དེ་ནི་གྲགས་པ་འབྱུང་གནས་ཀྱིས་སྤྱི་ཚོགས་རྙིང་བར་བླ་བྲང་ནས་ཉོས་འོངས་པ་བསྟན་ཡོད་མོད།སྐེ་རྒྱན་དེའི་ཡོང་ཁུངས་ཀྱང་མདོར་དེད་ན་ཨ་མཆོད་དང་གྲྭ་པ་ཚོས་བྱི་ལའི་རང་གཤིས་སྤྱད་དེ་མི་སེར་གྱི་ལག་ནས་ལས་སླ་མོའི་ངང་བླངས་པར་ངོས་འཛིན་བྱས་ཆོག་སྟེ།གཅིག་ནི་བྱི་རུ་འཚོང་མཁན་གྱི་གྲྭ་པ་དེས་རིན་གོང་ལ་དངུལ་སྒོར་སུམ་བརྒྱ་ལྔ་བཅུ་གཏམ་པ་དེ་ཕ་གྲགས་པ་འབྱུང་གནས་ཀྱི་ཏ་ལེན་ནང་གི་དངུལ་སྒོར་གྱི་གྲངས་ཀ་དང་གཅིག་ཏུ་འཁེལ་འདུག་པས་དང་།གཉིས་ནི་ཕ་གྲགས་པ་འབྱུང་གནས་ཀྱིས་སྐེ་རྒྱན་དེ་ཆུང་མར་བཏགས་པའི་དུས་དེར༼འཁྲུལ་སྣང༽ཞིག་བྱུང་བ་དེས་ཀྱང་དོན་དག་གལ་ཆེན་ཞིག་གསལ་བཤད་བྱེད་ཐུབ་སྙམ།དེ་ལྟར་རྩོམ་པ་པོས་སྐེ་རྒྱན་གྱི་ཡོང་ཁུངས་དངོས་དེ་ཅི་འདྲ་ཡིན་པ་གསལ་བར་མ་བསྟན་པར།སྒྲུང་གཞུང་དུ་བཤད་པ་ལྟར་གྱི༼མག་མོག་ཅན༽དུ་བསྒྱུར་བ་དེས།ཀློག་པ་པོར་བསམ་གཞིག་གི་བར་སྟོང་ཞིག་བསྐྲུན་པ་ལས་གཞན།བརྗོད་དོན་ལ་མི་ཕན་པ་དག༼མི་སྨྲའི་བརྟུལ་ཞུགས༽དང་དུ་བླངས་ནས་སྟབས་བདེའི་ངང་བསྡུས་ཆོག་པའི་བླང་བྱ་དེའང་ཡོངས་སུ་གྲུབ་ཡོད་དོ།།
  • ལེ་ཚན་སྔོན་མ།:དམངས་ཁྲོད་ངག་རྩོམ《ཆང་བཤད》ལ་རོབ་ཙམ་དཔྱད་པ།
  • ལེ་ཚན་རྗེས་མ།:བོད་ཀྱི་རང་མོས་སྙན་ངག་གི་དུས་མཚམས་ལ་གསར་དུ་དཔྱད་པ།
  • དོ་སྣང་ཆེ་བའི་རྩོམ།