ཚེ་བརྟན་རྡོ་རྗེ། 2013-05-15
གཉིས་པ། 《ཆང་བཤད》ཀྱི་མི་ཆོས་བསམ་བློར་དཔྱད་པ།ཆང་བཤད་ནི་དམངས་ཁྲོད་ནས་མྱུ་གུ་འབུས་ཤིང་ཁོ་ལག་རྒྱས་པས།མི་ཆོས་ཀྱི་བསམ་བློ་མང་པོ་ངག་རྩོམ་ཧྲིལ་བོའི་ནང་བརྒྱུས་ཤིང་། ཆང་གི་བྱུང་རིམ་དང་བྱེད་ནུས་སོགས་བརྗོད་པ་དང་བསྟུན་ནས་འཇིག་རྟེན་གྱི་འགྲོས་ལུགས་ཏེ་མི་ཆོས་ཀྱི་བསླབ་བྱ་གང་མང་གནང་ཞིང་།བཟའ་བཏུང་ནི་ང་ཚོའི་ཆེས་དྲིན་ཆེ་བའི་གྲོགས་ཇི་བཞིན།ང་ཚོ་དུས་ནམ་ཡང་བཟའ་བཏུང་དང་ཁ་འབྲལ་ཐབས་མེད་ལ། འདིར་ཆང་བཤད་ལྟ་བུའི་ངག་རྩོམ་གསར་རྩོམ་བྱེད་པར་མཚོན་ན། ང་ཚོས་བཟའ་བཏུང་རང་ཉིད་དྲིན་ཆེ་བ་ངོས་ཟིན་པ་དང་།རྩོམ་གྱི་ནང་དུའང“སྟེང་ལྷ་ལ་མཆོད་ན་མགོན་སྐྱབས་གནང་ང་།། བར་བཙན་ལ་མཆོད་ན་སྡོང་གྲོགས་མཛད་ར།། འོག་ཀླུ་ལ་མཆོད་ན་ཕྱྭ་གཡང་སྟེར་ར།།”ཞེས་ཆང་གིས་ང་ཚོར་ཐོག་མཐའ་བར་གསུམ་དུ་གྲོགས་བྱེད་པ་དང་། སེམས་ཀྱི་སྟེང་གནོན་པའི་མགོན་ལྟ་བུར་བསྟོད་པ་དང་།དེ་བཞིན་ཆང་ནི་རང་རེའི་འཚོ་བའི་ཁྲོད་ཀྱི་སྒོ་ཀུན་དང་འབྲེལ་ནས་ཡོད་ལ།དཔེར་ན།རྟགས་སྟོན་མོ།གཉེན་སློང་བྱེད། ད་དུང་ཡུལ་ལྷ་བསང་མཆོད་དུས་སུ་ཆང་བསྙལ་ནས་སྡེ་མི་རྣམས་ཀྱིས་ལབ་རྩེ་བསྟོད་ཚར་རྗེས་ཕྱིར་ལོག་ནས་བདུད་རྩི་ཆང་གི་བཅུད་ལ་རོལ་བ་དང་།དཔེར་ན།
“སྔགས་པ་རྣམས་ཀྱི་བུམ་ཆང་ཡིན།།མཁས་པ་རྣམས་ཀྱི་གཏམ་ཆང་ཡིན།། གཉེན་ཉེ་བོ་རྣམས་ཀྱི་སྟོན་ཆང་ཡིན།། བུ་དཔའ་བོ་རྣམས་ཀྱི་དཔའ་ཆང་ཡིན།། གཞོན་ནུ་རྣམས་ཀྱི་རྩེད་ཆང་ཡིན།།”ལྟ་བུ།དེ་བས་ཆང་འཐུངས་པ་མང་དྲགས་ན་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་པ་གཞོན་ནུ་དག་ལ་ཁ་ཏ་བསླབ་བྱའི་ཚུལ་དུ་བརྗོད་པ།དཔེར་ན། “ཧུབ་གང་འཐུངས་ན་རྣམ་ཤེས་གསལ་ནས་རྣམ་རིག་ཁྲ་དང་འདྲ་ལ།།ཧུབ་དོ་འཐུངས་ན་སྙིང་ཚོད་སྐྱེས་ནས་དཔའ་ཚོད་དམར་ཡག་སྟག་དང་འདྲ་ལ།། ཧུབ་གསུམ་འཐུངས་ན་སྲང་ཉུལ་ཁྱི་དང་འདྲ་བ་ཟེར་རྒྱུ”ལྟ་བུ་འཐུངས་པ་མང་དྲགས་ན་དོན་འཁྱོངས་པ་ཕར་ཞོག་རང་ཚོད་མེད་པར་བཟི་བར་གྱུར་ནས་དུས་ཚོད་དང་ལང་ཚོ་ཆུད་ཟོས་སུ་གཏོང་བའི་དུག་ལྟ་བུར་གྱུར་པ་སྟོན་ལ། ད་དུང་མི་རྣམས་ཀྱི་སྣོད་བཅུད་ཀྱི་བཏང་སྙོམས་ལ་གནོད་འཚེ་གཏོང་བའི་སྤྱོད་སྟངས་ཁ་ཤས་གང་འགྲིག་སྒོས་ལྟ་ཚུལ་རེ་གཉིས་གླེང་ཡོད་པ་ནི།ཆང་གི་འབྱུང་སྟངས་ཆང་ནི་ལྷ་ཀླུ་གཉན་གསུམ་དང་དེ་བཞིན་གླིང་རྗེ་གེ་སར་མཆོག་སོགས་ཀྱི་བཏུང་བྱ་བདུད་རྩི་བསིལ་མ་ཡིན་པ་དང་།དེ་བས་ཆང་བཤད་ནང་ང་ཚོའི་མི་རིགས་ཀྱི་ཤེས་རིག་གི་ཆུ་ཚད་དམའ་བའི་དུས་སྐབས་སུ་རང་བྱུང་ཁམས་ཀྱི་སྣང་ཚུལ་འགྲེལ་བའི་གོ་རིམ་ཁྲོད་ལྷ་ཀླུ་གཉན་གསུམ་སོགས་ལ་མི་ལས་འདས་པའི་ནུས་མཐུ་མངའ་བར་སྒྲོ་བཏགས་པ་ལྡན། དེ་མིན་ད་དུང་ཆང་ལྷ་ཀླུ་གཉན་བཙན་སོགས་ལ་མཆོད་པ་སྟེ་མདོར་ན་སྣོད་བཅུད་བཏང་སྙོམས་ཀྱི་བསམ་བློ་མངོན་ཡོད་ལ།དཔེར་ན། “ཆང་མགོ་མའི་མགོ་མ་འབབ་དུས་ན།།ཤིང་ཙན་དན་འདྲ་བའི་དྲི་ཞིག་ཁྱབ།། གཡུ་དྭངས་མོ་འདྲ་བའི་མདངས་ཤིག་ཤར།།དེ་བླངས་ནས་བཙན་པོ་གཉན་ལ་མཆོད།། བཙན་པོ་དགྱེས་ན་སྡོང་གྲོགས་མཛད།།མི་མགོ་ནག་བཙན་དོན་དེ་རེད་ཟེར་གི །ཆང་གཞུག་མའི་གཞུག་མ་འབབ་དུས་གི །ཟས་ཐུ་རིམ་འདྲ་བའི་དྲི་ཞིག་ཁྱབ།།ཆུ་དྭངས་མོ་འདྲ་བའི་མདངས་ཤིག་ཤར།། དེ་བླངས་ནས་འོག་གི་ཀླུ་ལ་མཆོད།།ཀླུ་གདེངས་ཅན་དགྱེས་ནས་ཕྱྭ་གཡང་མཛོད།།མི་མགོ་ནག་ཕྱུག་དོན་དེ་རེད་ཟེར་གི”ལྟ་བུ། ཆང་ནི་ལྷ་ཀླུ་གཉན་གསུམ་ལ་སྐྱབས་བཅོལ་བའི་མཆོད་རྫས་དང་། མགོ་ནག་གི་སྐྱིད་སྡུག་རེ་བའི་མཁར་རྟེན་དུ་ངེས།
གསུམ་པ། 《ཆང་བཤད》ཀྱི་ཡུལ་སྲོལ་གོམས་གཤིས་ལ་དཔྱད་པ།དམངས་ཁྲོད་རྩོམ་རིག་ནི་དམངས་ཁྲོད་ཡུལ་སྲོལ་གོམས་གཤིས་ཀྱི་ནང་སྙིང་འགྲེམ་སྟོན་བྱ་བ་ཇི་བཞིན། ངག་རྩོམ་ཆང་བཤད་ཀྱང་གླུ་གར་རིག་གནས་ཀྱི་རྣམ་པ་ཞིག་ཏུ་བརྩིས་ན་མི་ཆོག་རྒྱུ་མེད་སྙམ་ལ།རང་རེའི་བོད་ཀྱི་གོམས་གཤིས་ནང་གདོད་མའི་ཆོས་དད་རྣམ་པ་མང་པོ་ཞིག་ད་དུང་རྒྱུན་འཛིན་དང་དར་སྤེལ་བྱས་ཡོད་ལ།དཔེར་ན།ལྷ་ཀླུ་གཉན་གསུམ་ལ་མཆོད་པ་འབུལ་བ་དང་།ཡུལ་ལྷ་གཞི་བདག་སོགས་ཆང་གིས་བསྟོད་པ་ཚང་མར་གདོད་མའི་ཆོས་དད་ཀྱི་རྣམ་པ་ཆེས་ཆེར་ལྡན་ལ།དམངས་ཁྲོད་ངག་རྩོམ་ཡང་མ་གཞི་ནས་དམངས་ཁྲོད་ཀྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ཀྱི་ཤུགས་རྐྱེན་འོག་རིམ་གྱིས་འཚར་ལོངས་བྱུང་ལ། བོད་ཀྱི་ཡུལ་ནི་གངས་རི་དཀར་པོས་བསྐོར་ཅིང་། ཁོར་ཡུག་གཙང་ཞིང་དག་པ།གནའ་ནས་མདོག་དཀར་པོ་ལ་དང་དོད་བླ་ལྷག་ཏུ་སྐྱེད་བཞིན་ཡོད།དཔེར་ན།གངས་རི་དཀར་པོ་དང་སེང་གེ་དཀར་མོ།ཁ་བཏགས་དཀར་པོ།ཆང་དཀར་པོ་སོགས་དཀར་པོ་དེ་བཀྲ་ཤིས་པ་དང་རྟེན་འབྲེལ་ལེགས་པའི་མཚོན་བྱེད་དུ་རྩི།གཉེན་སློང་དུས་སུའང་ཐོག་མར་བར་བ་བཙལ་ནས་ཕྱོགས་གཉིས་ཀ་འགྲིག་མཐུན་བྱུང་ན།ད་གཟོད་ཉིན་བཟང་སྐར་བཟང་ཞིག་ཐག་བཅད་ནས་བར་བས་ཆང་དང་ཁ་བཏགས་བཟུང་ནས་གཉེན་སློང་དུ་འགྲོ་བ་དང་། “དེ་རིང་ཉིན་ཆང་དྲོན་མོ་འདི།།གངས་ཅན་ཡུལ་གྱི་ནས་བཅུད་ཡིན།། འཇིག་རྟེན་སྲིད་པའི་སྒྲུབ་ཆང་ཡིན།། གེ་སར་རྒྱལ་པོའི་གསོལ་ཆང་ཡིན།།མཁས་པ་རྣམས་ཀྱི་གཏམ་ཆང་ཡིན།།གཉེན་ཉེ་བོ་རྣམས་ཀྱི་སྟོན་ཆང་ཡིན།། གཞོན་ནུ་རྣམས་ཀྱི་རྩེད་ཆང་ཡིན།། ཆེ་རྒན་པ་བཀུར་བའི་འབུལ་བ་ཡིན།།གཞོན་ཚུར་ཡོང་རྣམས་ཀྱི་བསུ་བ་ཡིན།།མགྲོན་ཕར་འགྲོ་རྣམས་ཀྱི་རྫོང་བ་ཡིན།།གྲོགས་བློ་མཐུན་བསྒྲིགས་པའི་བར་བ་ཡིན།།གཏམ་ཀུ་རེ་འབྱེད་པའི་ལྡེ་མིག་ཡིན།། གླུ་རྩེད་རིགས་གཉིས་ཀྱི་སྒོ་འབྱེད་ཡིན།། ཐག་ཉེ་རིང་མེད་པར་གྲོགས་པོ་ཡིན”།།སོགས་ཆང་གིས་རང་རེའི་སྤྱི་ཚོགས་ཀྱི་རིམ་པ་སོ་སོ་ན་གོ་བབ་མི་དམན་པ་བཟུང་ཡོད་ལ།དམངས་ཁྲོད་དུ་ཆང་བཙགས་པའི་རིག་གནས་གནའ་ནས་བཟུང་རྒྱ་ཆེན་པོ་དར་བས།དེའང་སྤྱི་ཚོགས་ཀྱི་བྱེད་སྒོ་གཅིག་ཏུ་བརྩི་ཆོག་ཆོག་ཡིན།ཨ་རིའི་སྤྱི་ཚོགས་ཚན་རིག་གི་ཆེད་མཁས་པ་མོར་ཀུན་གྱིས་མིའི་རིགས་ཀྱི་ཡར་ཐོན་ནི་འཕེལ་རྒྱས་ཀྱི་སྐས་རིམ་དམའ་བ་ནས་མགོ་ཚུགས་པ་སྟེ། གསར་གཏོད་དང་འཚོལ་བཤེར།ལམ་ལུགས་དག་གིས་གནད་འདི་གསལ་བར་མཚོན་ཐུབ།དེ་བཞིན་མིའི་རིགས་ཀྱིས་སའི་གོ་ལར་དབང་བསྒྱུར་ཐུབ་པའང་གཙོ་བོ་མིའི་རིགས་ཀྱིས་འཚོ་བའི་རྒྱུ་ཆ་ཚོད་འཛིན་བྱ་ཤེས་པར་རག་ལས་ཞེས་གསུངས་པ་ལྟར།རང་ཅག་རིགས་དར་གྱི་རྒྱུད་པ་དང་མི་རིགས་རླབས་ཆེན་དུ་བཞེད་པའང་ཕུན་སུམ་ཚོགས་པའི་ཡུལ་སྲོལ་གོམས་གཤིས་དང་དམངས་ཁྲོད་ཀྱི་རིག་གནས་རྩ་ཆེན་ལ་གཞི་བྱས་ཏེ་བརྗོད་པ་རེད་སྙམ་མོ།།
དམངས་ཁྲོད་རིག་གནས་ནི་མི་རིགས་གང་དེའི་རུས་གཏིང་དུ་ཟུག་པའི་རྐང་ལྟ་བུ་ཡིན་ལ། འདིར་དམངས་ཁྲོད་ངག་རྩོམ་ཆང་བཤད་ཀྱང་བོད་ཀྱི་དམངས་ཁྲོད་ངག་རྩོམ་གྱི་བང་མཛོད་ནང་གི་ནོར་བུ་རྩ་ཆེན་ཞིག་སྟེ།ཆང་བཤད་ཀྱིས་བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་འགྲོས་རིམ་ཁྲོད་གོ་གནས་མི་དམན་པ་བཟུང་ཡོད་པར་འཁུམས་སོ། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10