ཡིད་བརྙན་གྱི་མཛེས་པ།

        2012-06-14

གངས་དཀར་རལ་བ་སྟུག་པོའི་ཐོར་ཅོག་གི།
རྩེ་མོ་མཁར་བསྙེགས་ཉི་ཟླའི་རྣ་ཆ་ཟུང་།།
མགུལ་བར་བཟུང་བའི་འབིགས་བྱེད་རི་བོའི་སྤུན།།
སྨིག་རྒྱུའི་ཀ་བ་དགུང་དུ་བཙུགས་པ་འདྲ།
གཡའ་དང་རྫ་ཡི་གླེགས་བུ་མ་འཐོར་བའི།།
ས་འཛིན་རྩེ་མོ་མཐོངས་ལས་མཐོང་དཀའ་སྟེ།།
འདབ་བཟང་དབང་བོ་བྱེའུའི་གོ་འཕང་ལ།།
འགོད་ན་འདབ་ཆགས་ཕལ་རྣམས་སྤྲེའུའི་ཁྱུ།།
ཤིང་སྐམ་མི་རོ་ལྟར་རེངས་ཤིང་།།
ཁ་བ་བུ་ཡུག་སོག་ལེ་བཞིན།།
འཐོར་རླུང་དྲག་པོའི་མུན་གཏིབས་པ།།
ལུས་དང་སྲོག་གི་ཆོམ་པོར་རྒྱུ།།
—ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་《ཞུ་འཕྲིན་ཕོ་ཉ་གཞོན་ནུ་དོན་གྲུབ་》ཅེས་པ་ལས་བཤུས།
ཡིད་བརྙན་ཞེས་པ་ནི་ཡིད་དང་གཟུགས་རིས་གཉིས་མཉམ་དུ་འདྲེས་པ་སྟེ།ནང་སེམས་ཀྱི་ཚོར་འདུ་དང་ཕྱི་རོལ་ཡུལ་གྱི་གཟུགས་རིས་གཉིས་གཅིག་ཏུ་འདྲེས་པ་ཡིན་ལ།ཕྲ་ཞིབ་ཀྱི་ཡིད་འགྱུར་དག་ཕྱིའི་གཟུགས་རིས་ཀྱི་སྟེང་དུ་སིམ་ཞིང་དེས་གབ་སྦས་ཀྱི་ཚུལ་དུ་མཚོན་པ་ཞིག་ཡིན།
འདིའི་ནང་དུ།གངས་རི་མཐོན་པོ་དང་དེའི་གཡས་གཡོན་ན་རེས་མོས་ཀྱིས་འཁོར་བའི་ཉི་ཟླ་གཉི་ག སྨུག་སྤྲིན་གྱིས་ཡོངས་སུ་གཡོགས་པའི་གངས་རི།ཤིན་ཏུ་མཐོ་བས་འདབ་ཆགས་ཀྱང་ཕར་ཚུར་རྒྱུ་དཀའ་བའི་གཡའ་རི་དང་རྫ་རི།གངས་རིའི་ཉེ་འདབས་སུ་ཡོད་པའི་རེངས་ཤིང་མཁྲེགས་པོར་གྱུར་པའི་ཤིང་སྐམ་སྣ་ཚོགས་དང་།གནས་དེ་ཀར་སྐབས་ལ་ལར་ཁ་བ་དྲག་པོ་འབབ་ཅིང་།སྐབས་ལ་ལར་བུ་ཡུག་དྲག་ཏུ་འཚུབ་པ།རླུང་ཆེན་འཚུབ་མ་སྐབས་དང་སྐབས་སུ་རྒྱུ་བའི་ཕྱི་རོལ་ཡུལ་གྱི་གཟུགས་རིས་དང་སྣང་ཚུལ་དེ་དག་ཚུར་སྙན་ངག་མཁན་གྱི་ནང་སེམས་ཀྱི་ཚོར་འདུ་ལ་སིམ་པ་དང་སྦྲགས།ཡིད་འགྱུར་ཕྲ་མོ་རླབས་བཞིན་འཕྱུར་འོང་བའི་ཆོས་ཉིད་དེ་བརྗོད་ཡོད་ལ།ཤོ་ལོ་ཀ་དང་པོ་དང་གཉིས་པའི་ནང་དུ་སྙན་ངག་པའི་ཡིད་སེམས་དེ་རང་བྱུང་ཁམས་ཀྱི་མཛེས་སྡུག་དང་གཟི་བྱིན་གྱིས་བཀུགས་པས།དགའ་སྤྲོ་འཕེལ་བའི་ཉམས་དེ་ཚིག་ཤུགས་ལས་གོ་སྲིད་པ་བཞིན།ཤོ་ལོ་ཀ་རྗེས་མའི་ནང་དུ་སྙན་ངག་པའི་ཡིད་སེམས་དེ་རང་བྱུང་ཁམས་ཀྱི་འཚེ་བ་དང་གདུག་རྩུབ་ཀྱིས་རྣམ་པར་ནོན་པའི་ཉམས་དེས་“ལུས་དང་སྲོག་གི་ཆོམ་པོར་རྒྱུ་”ཞེས་པས་ཡོངས་སུ་གསལ་བཤད་བྱས་འདུག་གོ།
  • ལེ་ཚན་སྔོན་མ།:ཡུལ་སྲོལ་ལས་གླུ་གཞས་ཀྱི་སྐོར་ཅུང་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:དཔེ་དོན་གྱི་ཁྱད་ཆོས་བསྡུར་ཚུལ།
  • དོ་སྣང་ཆེ་བའི་རྩོམ།