《ང་ཡི་ཁེར་རྐྱང་དང་ཁྱེད་ཀྱི་རྩོམ་རིག》བཀླགས་བྱང་། བསོད་ནམས་ལྷ་མོ།

        2026-05-25

《ང་ཡི་ཁེར་རྐྱང་དང་ཁྱེད་ཀྱི་རྩོམ་རིག》བཀླགས་བྱང་།

བསོད་ནམས་ལྷ་མོ།



   《ང་ཡི་ཁེར་རྐྱང་དང་ཁྱེད་ཀྱི་རྩོམ་རིག》ནི་རྩོམ་པ་པོ་ལྷ་བྱམས་རྒྱལ་ལགས་ཀྱི་འབོལ་རྩོམ་ཕྱོགས་བསྒྲིགས་ཀྱི་དཔེ་ཆ་ཞིག་ཡིན། ལྷུག་རྩོམ་ལ་དགའ་བ་རྣམས་ཀྱིས་རྩོམ་པ་པོ་ལྷ་བྱམས་རྒྱལ་ལགས་ཀྱི་དཔེ་ཆ་ཀློགས་དང་ལྷུག་རྩོམ་ཡག་པ་དག་དག་རེད།

ལྷུག་རྩོམ་དང་བོ།《བོད་པའི་མིག་ནང་གི་ཉི་ཧོང་།》

   སྤྱིར་ན་ཉི་ཧོང་ཞེས་བཤད་དུས། ང་ཚོའི་བག་ཆགས་ཀྱི་ངོས་སུ་གནས་པ་ནི་རྒྱུ་འབྲས་དང་བྲལ་ཞིང་། གདུག་རྩུབ་ཆེ་བའི་མི་རིགས་ཤིག་ཡིན། དེ་ནི་ཁོར་ཡུག་ཆེན་པོ་ཞིག་གིས་ང་ཚོར་བརྒྱུད་བསྒྲགས་བྱེད་པའི་བསམ་བློ་དང་སློབ་གསོ་ཡིན། ཐོག་མར་ཉི་ཧོང་ཞེས་པར་རྒྱུས་ལོན་བྱེད་དུས་ནི། ཆུང་ཆུང་བྱིས་པའི་དུས་རེད། བརྙན་འཕྲིན་ཟློས་གར་ལས་ང་ཚོས་མཐོང་བའི་ཉི་ཧོང་མི་རིགས་ཀྱི་སྣང་བརྙན་ནི། སྙིང་རྗེ་དང་ཁྲེལ་གཞུང་དང་བྲལ་ཞིང་། སྒེར་སེམས་ཆེ་བ། གཡོ་སྒྱུ་དང་ཧམ་སེམས་ཆེ་བ་སོགས་རེད། ནར་སོན་གྱི་བརྒྱུད་རིམ་ཁྲོད་ནས། བྱ་བ་མང་བོ་ཞིག་དང་མི་ག་གེ་མོ། མི་རིགས་ཤིག་གམ་རྒྱལ་ཁབ་ཞིག་ལ་ཆ་རྒྱུས་བྱེད་འདོད་ན་དེ་ནི་གཞན་གྱི་སྐད་ཆ་དང་ཞིབ་བརྗོད་བརྒྱུད་དེ་རྒྱུས་ལོན་བྱེད་པ་ཁོ་ནས་མི་འོང་སྟེ། ལྷག་ཏུ་རང་ཅག་གནས་པའི་ཁོར་ཡུག་ཆེན་པོ་འདིའི་བཤད་ཡམས་དང་ཞིབ་བརྗོད་ལ་དེ་བས་ཀྱང་བདེན་པའི་ཆ་ཉུང་བར་འདོད། རྩོམ་པ་པོས་བོད་པའི་མིག་ནང་གི་ཉི་ཧོང་ཞེས་པའི་ལྷུག་རྩོམ་འདི་ལས། ཁོ་པ་ཚོའི་རིག་གནས་ཀྱི་ནང་སྙིང་དུ་གཅེས་པར་འོས་པའི་སྙིང་སྟོབས་ཤིག། བརྩེ་སེམས་ཤིག། སེམས་འཁུར་ཞིག་འདུས་ཡོད་པ་དང་། དེ་བས་ཀྱང་གལ་ཆེ་བ་ནི་ཉི་ཧོང་གི་མི་རྣམས་ཀྱང་ང་ཚོ་ནང་བཞིན་བྱམས་སྙིང་རྗེ་ལྡན་པར་མ་ཟད་བློ་ཤེས་རབ་ཀྱིས་ཕྱུག་པ་མཐོང་། ཞིབ་ཚགས་ལས་མངོན་པའི་ཤེས་རབ་ཅིག། མི་ཆོས་ལས་མངོན་པའི་གུས་ལུགས་ཤིག། བརྩི་འཇོག་ལས་མངོན་པའི་སྒྲིག་ལམ་ཞིག།  གྲལ་དག་ལས་མངོན་པའི་སྤུས་ཚད་ཅིག་དང་གཙང་སྦྲ་ཞིག་ཅིས་ཀྱང་མངོན་ནས་ཡོང་བ་ཚོར་ཐུབ། ད་དུང་ཉི་ཧོང་མི་རིགས་ཀྱི་ཁྲོད་དུ་རང་སྲོག་གཅོད་མཁན་ཧ་ཅང་མང་བ་དང་། དེ་ལ་རྩོམ་པ་པོའི་སྐད་ཆ་དེས་ཕྱོགས་བསྡོམས་བྱེད་ན། ཤར་གྱི་གླིང་ཕྲན་འདིར་ཆགས་པའི་རྒྱལ་ཁབ་འདིས་ཀྱང་འཕེལ་རྒྱས་ཀྱི་མྱུར་ལམ་ནས་བདེ་སྐྱིད་ཀྱི་བདེན་པ་འབོར་བཞིན་པ་རེད། འཕེལ་རྒྱས་ཀྱི་མྱུར་ལམ་ནས། བདེ་སྐྱིད་ཀྱི་བདེན་པ་འབོར་བཞིན་པའམ་རྙེད་ཀྱི་མེད་པ་ནི་ཉི་ཧོང་མི་རིགས་གཅིག་པུས་ག་ལ་ཚད།  ང་ཚོ་མིའི་རིགས་ཀྱིས་ཀྱང་། བདེ་སྐྱིད་ཀྱི་བདེན་པ་དེ་འབོར་བཞིན་མེད་དམ།

ལྷུག་རྩོམ་གཉིས་པ།

《ངས་འབོར་བཞིན་པའི་ཀློག་པ་པོ།》

    རྩོམ་པ་པོས"དུས་ཚོད་འདི་ལྟར་གཡང་དུ་མཆོང་བ་ལྟར་མགྱོགས་དུས། ངས་རང་ཉིད་ཀྱིས་མང་བོ་ཞིག་འབོར་བཞིན་པ་ཚོར་བྱུང་སྟེ།  ལང་ཚོ་དང་སྤོབས་པ། ཕུགས་མདུན། དེ་མིན་ངོ་ཤེས་གསར་པ་ནས་རྙིང་བ། རྙིང་བ་ནས་རྒྱུས་མེད་དུ་འགྱུར་བཞིན་པའི་མི་དེ་དག། འདི་ཐམས་ཅད་དུས་ཚོད་ཀྱིས་སྟོར་ཏེ་འཛིན་ཐབས་མ་བྱུང་ཞིང་། ཅི་ཞིག་བོར་སྟོར་བྱུང་བའི་ཕངས་སེམས་ནི་འཚོ་བའི་ནང་བློ་བདེ་བག་ཕེབས་མི་ཡོང་བའི་རྒྱུ་རུ་གྱུར་ཡོད།"ཞེས་པ་བཞིན། དུས་ཚོད་ཀྱི་གོམ་འགྲོས་དང་འགྲོགས་ནས། ནར་སོན་གྱི་ལོ་ཟླ་བརྒྱུད་ནས་ཡོང་དུས། ང་ཚོས་འབོར་བཞིན་པ་ནི་གཡའ་དག་པའི་ཕུགས་བསམ་དང་། སྙིང་སྟོབས། སྙིང་ཉེ་བའི་མི་བུ་དག། ད་དུང་ལན་རེར་རང་ཉིད་ཀྱང་འབོར་བཞིན་ཡོད་པའོ།། འགྲོས་མགྱོགས་པའི་དུས་ཚོད་ཀྱི་བང་ཁ་ནས། ང་ཚོ་ཐམས་ཅད་རྒ་སླ་བའི་མི་རབས་ཤིག་ཏུ་གྱུར་ཅིང་། གཡའ་དག་པ་དང་། སྤྲོ་གསེང་ངེའི་སེམས་ཁམས་ཡོད་ཚད་ཅི་ཞིག་གི་རྗེས་སུ་ལུས་དོགས་ཀྱིས་ཧུར་བརྩོན་དང་སེམས་ནད་ཀྱིས་ཤུལ་མེད་དུ་བཟོས་སོང་། རྩོམ་པ་པོས་ཀྱང་བརྩམས་སྒྲུང་སོགས་རྩོམ་པའི་གོ་རིམ་ཁྲོད་ནས། ཁོང་གི་རྩོམ་ཀློག་པར་སྤྲོ་བའི་ཀློག་པ་པོ་མང་བོ་འབོར་བཞིན་ཡོད་པ་བརྗོད་ཡོད།  

    རྩོམ་པ་པོས་དཔེ་ཀློག་དང་བརྩམས་སྒྲུང་ལ་བཟུང་བའི་ལྟ་ཚུལ་ནི། སྤྱིར་མི་ཞིག་གིས་འཚོ་བའི་ཁྲོད་དཔེ་ཀློག་གི་གོམས་སྲོལ་སྐྱོང་མིན་དེ་ནི་མི་སྒེར་གྱི་དོན་ཞིག་ཏུ་མཐོང་སྲིད་ཀྱང་། ངས་མཐའ་གཅིག་ཏུ་དེ་ནི་མི་ཞིག་ལ་མེད་དུ་མི་རུང་བའི་གོམས་སྲོལ་ཞིག་ཏུ་འདོད་བཞིན་ཡོད། དཔེ་ཀློག་ལ་དགའ་བ་དང་དཔེ་ཆའི་ནང་གི་མཐོང་ཐོས་མྱོང་གསུམ་སྦྲང་མས་མེ་ཏོག་གི་རྩི་བཅུད་གཞིབ་པ་ལྟར་རང་རྒྱུད་ལ་འགོ་བར་བྱེད་པ་ནི་མཛེས་སྡུག་ཡིད་དུ་འོང་བའི་ལས་ཀ་ཞིག་ཡིན་པར་ངེས་ཏེ། མི་གཅིག་གི་མི་ཚེ་ཟེར་བ་འདི་ཇི་ལྟར་རིང་རུང་མགོ་མཇུག་གི་ཚད་བཀག་ཅན་ཞིག་ཡིན་པས་དེ་རང་འདོད་དང་བསྟུན་ནས་རིང་དུ་གཏོང་ཐབས་བྲལ་ན་ཡང་། དེའི་ཞེང་ཚད་ཆེ་རུ་སྐྱེད་ཐུབ་པ་ནི་ངེས་གཏན་ཡིན་པས། དཔེ་ཀློག་གིས་དེ་ལྟ་བུའི་ཞེང་ཚད་སྐྱེད་པར་རམ་འདེགས་ཀྱི་ནུས་པ་འཐོན་ཐུབ་པ་ཡང་གདོན་མི་ཟ། སྤྱིར་རྩོམ་རིག་བརྩམས་ཆོས་དང་ལྷག་པར་དུ་སྒྲུང་གཏམ་ཀློག་པར་དགའ་མཁན་དེ་དག་ནི་མི་ཚེ་འདིའི་ཡུན་ཚད་ངེས་ཅན་དུ་བསྲིང་བའི་གོ་རིམ་ཁྲོད་ནས་འཚོ་བ་ལ་ནང་སེམས་ཀྱིས་མྱོང་བར་དང་དོད་ནན་མོ་བྱེད་མཁན་དག་ཡིན་སྲིད་དེ། མི་དེ་རིགས་ཀྱིས་ཕྱིའི་དངོས་པོའི་ལོངས་སྤྱོད་ལས་ནང་སེམས་ཀྱི་ལོངས་སྤྱོད་ལ་དོ་གལ་བྱེད་བཞིན་ཡོད་ངེས། ཁོ་ཚོར་མཚོན་ན་ཉོག་ཟིང་གི་སྤྱི་ཚོགས་འཚོ་བའི་ཁྲོད་ནས་མཚམས་རེར་ཟུར་དུ་བཀྱེད་དེ་སྒྲུང་གཏམ་གྱི་འཇིག་རྟེན་ལ་མྱུལ་བ་དང་། དེ་ནས་སྒྲུང་གཏམ་ནང་གི་འཇིག་རྟེན་དེས་བསྐྱེད་པའི་སེམས་ཚོར་དང་སད་རྟོགས་ཀྱི་ཚོར་བ་དེ་དག་ལ་བརྟེན་ནས་མངོན་སུམ་འཇིག་རྟེན་གྱི་གནད་དོན་དེ་དག་ཐག་གཅོད་པའི་རྣམ་འགྱུར་ཞིག་འབྱུང་བཞིན་ཡོད་ངེས།  

   ལྷུག་རྩོམ་འདི་གཉིས་ནི་རང་ལ་བག་ཆགས་ཆེས་ཟབ་པ་གཉིས་ཡིན། ད་དུང《པེ་ཅིན་གྱི་བོད་པ》 《ཚེ་འདིའི་ཆེས་སྤྱིར་བཏང་གི་ཞོགས་པ་ཞིག》《བུ་ཆུང་དང་གཞིས་ཀ་རྩེའི་ཉི་འོད》སོགས་ལྷུག་རྩོམ་མང་དུ་མཆིས། ལྷུག་རྩོམ་དེ་དག་ལས།  རྩོམ་པ་པོས་མི་ཚེ་དང་དཔེ་ཀློག། རང་གི་རྩོམ་རིག་གསར་རྩོམ་གྱི་ལོ་ཟླ། བོད་སྐད་ཡིག་ལ་བཅངས་པའི་དུངས་པ་སོགས་ངང་ངམ་ཤུགས་ཀྱིས་རྟོགས་ཐུབ་པ་ཞིག་རེད།  

   ཁེར་རྐྱང་གི་སེམས་འདིས་མི་ཡུལ་གྱི་རྙོག་འཛིང་ལ་ཚོར་སྣང་ཡང་ཡང་བྱེད་ངེས་ལ། དེ་ལས་ཐོབ་པའི་སེམས་འགྱུ་དག་སྨྱུ་གུའི་རྩེ་ནས་འབྲི་བའི་བྱ་གཞག་འདི། དུས་ནམ་ཡང་མི་ལྷོད་པར་སྨོན།





རྩོམ་སྒྲིག་པ། མགར་རྒྱལ་སྲས།

རྩོམ་སྒྲིག་འགན་འཁུར་བ། ཨོ་རྒྱན།
ཞུ་ཆེན། སྐལ་ཐུབ།
སྤྱི་ཁྱབ་ལྟ་སྐུལ་བ། བཀྲ་ཤིས།


  • ལེ་ཚན་སྔོན་མ།:《ཤམ་བྷ་ལ་འཚོལ་བ》བཀླགས་པའི་མྱོང་ཚོར། ཡར་འཕེལ།༼རྔ་བ།༽
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10