སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༢༽

བཀྲ་བྷ།        2020-03-16

སོ་གཅིག  ཅི་ཞིག་ལ་གཏམ་རྒྱུད་ཀྱི་གཞི་རྐང་སྒྲིག་ལུགས་ཟེར།

   ལན། གཏམ་རྒྱུད་ཀྱི་གཞི་རྐང་སྒྲིག་པ་ཞེས་པ་ནི་སྐྱེད་བྱེད་གང་ཞིག་གིས་བསྐྱེད་པའི་འཆར་སྒོ་གློ་བུར་བའམ། དུས་སྐབས་གང་ཞིག་གི་དོན་དག་གང་ཞིག་ལ་བྱུང་བའི་བསམ་ཚུལ་བློ་བུར་བ་དེ་ལ་བརྟེན་ནས། མྱུར་བ་མྱུར་བུར་འཚོ་བའི་ཁྲོད་ཀྱི་འབྲེལ་བ་ཡོད་པའི་མི་མང་པོ་དང་དོན་མང་པོ་ཕྱོགས་གཅིག་ལ་བསྡུ་བ་དང་། དགོས་གལ་ཆེ་བའི་མི་སྣ་དང་བྱུང་རིམ་རྟོག་བཟོ་བྱས་རྗེས།སྒྲིག་སྦྱོར་གྱི་ཐབས་ལ་བརྟེན་ནས་མི་སྣའི་འགལ་བ་དང་འབྲེལ་བ་གཏན་འཁེལ་བྱེད་པ་དང་། འགལ་བ་དང་འབྲེལ་བ་མཚོན་བྱེད་ཀྱི་དོན་དག་ཆེ་ཆུང་སྣ་ཚོགས་ཕྲེང་བར་བསྒྲིགས་ཏེ་བྱུང་རིམ་གཏན་ལ་འབེབས་པ་དེ་ལ་གོ་དགོས་འདུག

སོ་གཉིས། སྒྲུང་གཏམ་ལ་གཏམ་རྒྱུད་ཀྱི་གཞི་རྐང་སྒྲིག་གང་ལྟར་བསྒྲིག་དགོས།

   ལན། སྒྲུང་གཏམ་ལ་གཏམ་རྒྱུད་ཀྱི་གཞི་རྐང་སྒྲིག་སྐབས་མི་སྣ་གཙོ་བོ་གཏན་ལ་འབེབས་པ་དང་། མི་སྣ་ཕལ་བ་གཏན་ལ་འབེབས་པ་དང་། མི་སྣའི་འགལ་བ་དང་འབྲེལ་བ་གཏན་ལ་འབེབས་དགོས།

སོ་གསུམ། སྒྲུང་གཏམ་གྱི་མི་སྣ་གཙོ་བོ་གང་ལྟར་གཏན་ལ་དབབ་དགོས།

   ལན། སྒྲུང་གཏམ་ལ་ཆ་མཚོན་ན། གཅིག་ན་མི་སྣ་གཙོ་བོ་ནི་དེ་ཉིད་ཀྱི་སྲོག་ཤིང་ཡིན་པ་དང་། མི་སྣ་ལ་བརྟེན་ནས་སྒྲུང་གཏམ་པའི་གསར་རྩོམ་གྱི་དམིགས་འབེན་མངོན་པར་བསྒྱུར་དགོས་པ་ལས་གཞན། ད་དུང་རྩོམ་པ་པོའི་མཛེས་དཔྱོད་ཀྱི་ཕུགས་འདུན་དང་སྤྱི་ཚོགས་ཀྱི་ལྟ་བ་སོགས་ཀྱང་མི་སྣ་གཙོ་བོར་བསྟིམས་ཏེ་གབ་པའི་སྒོ་ནས་མཚོན་དགོས་པ་དང་། གཉིས་སུ་མི་སྣ་ནི་སྒྲུང་གཏམ་གྱི་བརྗོད་བྱའི་གྲུབ་ཆ་གལ་ཆེན་ཡིན་པ་ཟད། སྒྲུང་འབྲིང་དང་སྒྲུང་རིང་རྩོམ་སྐབས། མི་སྣ་གཅིག་གིས་མི་ཆོག་པར་མི་སྣ་མང་པོ་ཞིག་བརྩམས་ཆོས་སུ་འདྲེན་དགོས་པ་ན།   ཟས་ལ་ཟས་སྐལ་བགོ་བ་ལྟར་མི་སྣ་རྣམས་ནི་ཡིག་ཚོགས་ལ་ལྕི་ཡང་གཏན་ནས་མེད་པའི་སྒོ་ནས་འབྲི་ཐབས་མེད་པས། སྔོན་ལ་མི་སྣ་གཙོ་བོ་གཏན་འབེབས་བྱེད་པ་དང་། དེ་ནས་མི་སྣ་གཙོ་བོ་ལ་བརྟེན་ནས་མི་སྣ་ཕལ་བ་རྣམས་ཞོར་འདྲེན་བྱ་དགོས། རང་ཉིད་གསར་རྩོམ་ལ་ཞུགས་པའི་ཉམས་མྱོང་ལྟར་ན། མི་སྣ་གཙོ་བོ་ནི་འདུན་པའི་རྗེས་སུ་འབྲངས་པ་དང་།   བརྗོད་དོན་ལེགས་པར་སྟོན་པར་དམིགས་པ་དང་།  བྱུང་རིམ་ལྷན་དུ་སྦྲེལ་བའི་དགོས་མཁོ་དང་བསྟུན་པ་དང་། དཔེ་མཚོན་རང་བཞིན་ལྡན་མིན་ལ་བསམ་བློ་བཏང་སྟེ་གཏན་ལ་དབབ་དགོས་པ་འདྲ།

སོ་བཞི། སྒྲུང་གཏམ་གྱི་མི་སྣ་གཙོ་བོ་གཏན་ལ་འབེབས་ལུགས་ག་འདྲ་ཡོད།

   ལན། སྒྲུང་གཏམ་བློས་སློང་བྱེད་སྐབས། འདུན་པའི་རྗེས་སུ་འབྲངས་པའམ།  བརྗོད་སྙིང་ལེགས་པར་སྟོན་པར་དམིགས་པའམ། བྱུང་རིམ་ལྷན་དུ་སྦྲེལ་བར་དམིགས་པའམ། དཔེ་མཚོན་རང་བཞིན་ལྡན་མིན་ལ་དམིགས་ཏེ་མི་སྣ་གཙོ་བོ་གཏན་ལ་དབབ་དགོས་འདུག

སོ་ལྔ།  འདུན་པའི་རྗེས་སུ་འབྲངས་ཏེ་མི་སྣ་གཙོ་བོ་གཏན་ལ་འབེབས་ལུགས་ག་འདྲ་ཡོད།

   ལན། སྒྲུང་གཏམ་སྐོར་ཞིག་ལ་མཚོན་ན། རྩོམ་པ་པོས་དེ་ཉིད་རྩོམ་པར་འཇུག་འདོད་ཀྱི་འདུན་པ་དྲག་པོ་ནི་མི་སྣ་གཙོ་བོ་སེམས་སུ་འཕོས་པ་དང་ལྷན་དུ་བྱུང་བ་ཡིན་པས། མི་སྣ་གཙོ་བོ་སྐོར་ཞིག་ནི་སྒྲུང་གཏམ་བློས་སློང་གི་སྔ་རོལ་དུ་གཏན་འབེབས་བྱས་ཡོད་པ་ན། གསར་རྩོམ་གྱི་ལས་ལ་འཇུག་སྐབས་གང་ཞིག་མི་སྣ་གཙོ་བོ་ཡིན་པ་དང་། གང་ཞིག་མི་སྣ་ཕལ་བ་ཡིན་པར་བསམ་བློ་གཏོང་མི་དགོས།   ཁོ་བོའི་སྒྲུང་གཏམ་རྣམས་ལ་ཆ་མཚོན་ན། མི་སྣ་གཙོ་བོ་ཡིད་ལ་འཕོས་ཏེ་གསར་རྩོམ་བྱས་པ་ལ《ཧ་ཅང་ཧ་ཅང》དང་།《འཕྲིན་ལས་རྒྱ་མཚོ》གཉིས་ཀ་ཡིན་ནོ། །      

སོ་དྲུག  བརྗོད་སྙིང་ལེགས་པར་སྟོན་པར་དམིགས་ཏེ་མི་སྣ་གཙོ་བོ་གང་ལྟར་གཏན་ལ་དབབ་དགོས།

   ལན། རྩོམ་གཤིས་མི་འདྲ་བའི་སྒྲུང་གཏམ་གང་ཞིག་ཡིན་རུང་། དེ་ཉིད་གསར་རྩོམ་ཀྱི་ལས་ལ་འཇུག་སྐབས། བྱུང་རིམ་ཆ་ཚང་བ་ཅིས་ཀྱང་ཡོད་དགོས་པ་མ་ཟད། རྩོམ་མཁན་གྱི་བསམ་བློའམ། ལངས་ཕྱོགས་སོགས་ཀྱང་མངོན་ལྐོག་ཅི་རིགས་ཀྱི་སྒོ་ནས་སྟོན་དགོས་པ་ན། སྐབས་འདིའི་བརྗོད་སྙིང་ནི་བརྩམས་ཆོས་གང་ཞིག་གི་བརྗོད་བྱའི་དོན་གྱི་སྙིང་བོ་དང་རྩོམ་མཁན་གྱི་བསམ་བློ་བརྩམས་ཆོས་བརྒྱུད་ནས་བསྟན་པ་གཉིས་ཀར་འཇུག་པ་ན། སྒྲུང་གཏམ་གྱི་མི་སྣ་གཙོ་བོ་གཏན་ལ་འབེབས་སྐབས། སྐབས་རེར་བརྗོད་བྱའི་དོན་གྱི་སྙིང་བོར་དམིགས་པ་གཏད་པ་དང་། མཚམས་རེར་རྩོམ་གྱི་བསམ་བློར་དམིགས་པ་མི་གཏད་ཀ་མེད་ཡིན།

སོ་བདུན། བརྗོད་བྱའི་དོན་གྱི་སྙིང་བོར་དམིགས་པ་གཏད་དེ་མི་སྣ་གཙོ་བོ་གང་ལྟར་གཏན་ལ་དབབ་དགོས།

   ལན། སྒྲུང་གཏམ་གྱི་མི་སྣ་གཙོ་བོ་གཏན་ལ་འབེབས་སྐབས། བརྩམས་ཆོས་སུ་འདྲེན་གྲབས་ཡོད་པའི་མི་སྣ་རྣམས་ལས་མི་སྣ་སུ་དང་གང་ཞིག་གནད་དུ་བཟུང་སྟེ་གསར་རྩོམ་གྱི་ལས་ལ་ཞུགས་པ་ན།   སྐབས་སུ་བབ་པའི་སྒྲུང་གཏམ་གྱི་བརྗོད་བྱའི་དོན་གྱི་སྙིང་བོ་ཇི་བཞིན་སྟོན་པར་ནུས་པའི་ཆ་རྐྱེན་འོག་ཏུ། བརྗོད་བྱ་གང་དང་གང་ཡིན་པ་དེ་བྱུང་རིམ་ཆ་ཚང་བའི་སྒོ་ནས་རྫོགས་པར་སྟོན་ནུས་མིན་ལ་བསམ་བློ་གཏང་དགོས་ཏེ། གལ་སྲིད་མི་སྣ་ཞིག་གིས་ལས་འགན་འདི་ཉིད་མི་ལྕོགས་ན། དེ་ཉིད་མི་སྣ་གཙོ་བོར་འདྲེན་མི་རུང་བར་འདོད་དོ། ། 

སོ་བརྒྱད། རྩོམ་མཁན་གྱི་བསམ་བློར་དམིགས་པ་གཏད་དེ་མི་སྣ་གཙོ་བོ་གང་ལྟར་གཏན་ལ་དབབ་དགོས།

   ལན། རྩོམ་ལུས་མི་འདྲ་བའི་བརྩམས་ཆོས་གང་ཞིག་བརྩམ་དགོས་ཀྱང་། རྩོམ་མཁན་གྱི་བསམ་བློ་ནི་མངོན་ལྐོག་ཅི་རིགས་ཀྱི་སྒོ་ནས་མཚོན་དགོས་པ་ན། བློས་སློང་བརྒྱུད་ནས་སྒྲུང་གཏམ་གང་ཞིག་གི་མི་སྣ་གཙོ་བོ་གཏན་ལ་འབེབས་སྐབས། མི་སྣ་རྣམས་ལས་གང་ཞིག་དམིགས་སུ་བཟུང་ནས་བྱུང་རིམ་མདུན་ལ་དེད་ན་རྩོམ་མཁན་གྱི་བསམ་བློ་མཚོན་ཐུབ་པའི་ཕྱོགས་ལ་ཞིབ་ཏུ་བརྟགས་ཏེ།  རྩོམ་མཁན་གྱི་བསམ་བློ་ཇི་བཞིན་མཚོན་ནུས་པ་དེ་མི་སྣ་གཙོ་བོར་བདམས་རྗེས། མི་སྣ་དེ་ཉིད་སྲོག་ཤིང་དུ་བཟུང་ནས་བྱུང་རིམ་བཀོད་སྒྲིག་བྱ་དགོས། ཁོ་བོའི་སྒྲུང་གཏམ་སྐོར་ཞིག་ནི་འདི་ལྟར་གསར་རྩོམ་བྱས་པ་ཡིན་ཏེ།    སྐབས་རེར་བརྩམས་ཆོས་བརྒྱུད་ནས་སྟོན་པར་འདོད་པའི་བསམ་བློ་རེ་བྱུང་བ་ན།   ཐོག་མར་བསམ་བློ་དེ་མི་སྣ་ག་འདྲ་ཞིག་དང་གཏམ་རྒྱུད་ཇི་འདྲ་ཞིག་མཁོ་བར་བསམ་བློ་བཏང་བ་དང་། དེ་ནས་མི་སྣ་གང་ཞིག་སྒྲུང་གཏམ་གྱི་སྲོག་ཤིང་དུ་བཀོད་པ་ན་རང་ཉིད་ཀྱི་བསམ་བློ་ཇི་བཞིན་དུ་མཚོན་ཐུབ་པར་དཔྱད་དེ་མི་སྣ་གཙོ་བོ་གཏན་ལ་ཕབ་རྗེས། མི་སྣ་དེ་ཉིད་གནད་དུ་བཟུང་སྟེ་བསམ་བློ་མཚོན་པའི་དགོས་མཁོ་ལྟར་བྱུང་རིམ་གྱི་ཁ་ཕྱོགས་དང་། བྱུང་རིམ་གྱི་གཙོ་ཕལ། བྱུང་རིམ་གྱི་རྒྱས་བསྡུས་གཏན་ལ་ཕབ་པ་ཡིན།   

སོ་དགུ། བྱུང་རིམ་ལྷན་དུ་སྦྲེལ་བར་དམིགས་ཏེ་མི་སྣ་གཙོ་བོ་གང་ལྟར་གཏན་ལ་དབབ་དགོས།

   ལན། སྒྲུང་གཏམ་སྐོར་ཞིག་ལ་ཆ་མཚོན་ན། དེ་རྣམས་ཀྱི་བརྗོད་བྱ་རིལ་པོ་དེ་ནི་གཏམ་རྒྱུད་ཀྱི་རྒྱུན་མི་གཅིག་པའི་བྱུང་རིམ་སྡེ་ཚན་དུ་མས་གྲུབ་ཡོད་པ་ན། རྩོམ་པ་པོས་སྒྲུང་གཏམ་བློས་སློང་བྱེད་སྐབས། མི་སྣ་གང་ཞིག་བརྩམས་ཆོས་ཀྱི་སྲོག་ཤིང་དུ་བཀོད་ན་རྒྱུན་མི་གཅིག་པའི་བྱུང་རིམ་གྱི་སྡེ་ཚན་རྣམས་ལྷན་དུ་སྦྲེལ་ནུས་པར་བསམ་བློ་གཏང་དགོས་པ་དང་། གནད་འདི་ལ་བསམ་བློ་ཞིབ་ཏུ་བཏང་སྟེ་ངེས་ཤེས་ལུགས་དང་མཐུན་པ་ཞིག་རྙེད་རྗེས། བྱུང་རིམ་རྣམས་ལྷན་དུ་སྦྲེལ་ནུས་པའི་མི་སྣ་དེ་ཉིད་གཏམ་རྒྱུད་ཀྱི་སྲོག་ཤིང་དུ་བཀོད་དེ་རྒྱུན་མི་གཅིག་པའི་བྱུང་རིམ་གྱི་སྡེ་ཚན་རྣམས་ལུགས་དང་མཐུན་པའི་སྒོ་ནས་ལྷན་དུ་བསྡེབ་དགོས་འདུག   

བཞི་བཅུ། དཔེ་མཚོན་རང་བཞིན་ལྡན་མིན་ལ་དམིགས་ཏེ་མི་སྣ་གཙོ་བོ་གང་ལྟར་གཏན་ལ་དབབ་དགོས།

   ལན། སྒྲུང་གཏམ་གང་ཞིག་མི་སྣ་གཙོ་བོ་གཏན་ལ་འབེབས་སྐབས། སྒྲུང་གཏམ་གྱི་གཏམ་རྒྱུད་རྫོགས་པར་སྟོན་ནུས་པའི་ཆ་རྐྱེན་འོག་ཏུ། མི་སྣ་དེ་རིགས་སུ་གྱུར་པའི་མི་སྐོར་ཞིག་གི་འཐུས་ཚབ་བྱས་ཆོག་མིན། མི་སྣ་དེ་ནི་ལས་རིགས་ཤིག་གམ། ས་གནས་ཤིག་གམ། དུས་རབས་ཤིག་གི་མི་རྣམས་ཀྱི་འཐུས་ཚབ་བྱས་ཆོག་མིན་ལ་བསམ་བློ་གཏང་དགོས་ཏེ། གལ་སྲིད་རྩོམ་གྲབས་ཡོད་པའི་སྒྲུང་གཏམ་ཁྲོད་ཀྱི་མི་སྣ་ལ་གོང་གི་ཆ་རྐྱེན་དེ་དག་ལས་གཅིག་གམ་དུ་མ་ལྡན་ན། མི་སྣ་དེ་ནི་དཔེ་མཚོན་རང་བཞིན་ལྡན་པའི་མི་སྣའི་གྲས་སུ་གཏོགས་པས། དེ་ཉིད་མི་སྣ་གཙོ་བོའི་གནས་ལ་བཀོད་དེ་བྱུང་རིམ་སྒྲིག་སྦྱོར་བྱས་ཆོག་པར་སྙམ།   

ཞེ་གཅིག སྒྲུང་གཏམ་གྱི་མི་སྣ་ཕལ་བ་གང་ལྟར་གཏན་ལ་དབབ་དགོས།

   ལན། སྒྲུང་གཏམ་བློས་སློང་གི་སྐབས་སུ། མི་སྣ་གཙོ་བོ་གཏན་འབེབས་བྱས་རྗེས། མི་སྣ་གཙོ་བོ་སྲོག་ཤིང་བྱས་ཏེ་མི་སྣ་ཕལ་བ་གཏན་ལ་དབབ་དགོས། སྒྲུང་གཏམ་གྱི་མི་སྣ་ལ་གཙོ་ཕལ་གྱི་དབྱེ་བ་ཡོད་རུང་། མི་སྣ་གཙོ་བོ་དང་ཕལ་བ། ད་དུང་བྱུང་རིམ། དེ་མིན་འཚོ་བའི་ཁོར་ཡུག་རྣམས་གཞི་ལ་གཅིག་ལ་བསྡེབས་པ་ན། ད་གཟོད་མི་སྣའི་སྣང་བརྙན་གསལ་ཞིང་གྲུབ་ཆ་ཡོངས་སུ་རྫོགས་པའི་སྒྲུང་གཏམ་རིལ་པོ་གཅིག་འགྲུབ་སྲིད་པ་དང་། རྩོམ་པ་པོའི་གསར་རྩོམ་གྱི་འདུན་པའང་མངོན་འགྱུར་འབྱུང་ཐུབ་པ་ན། མི་སྣ་ཕལ་བ་རྣམས་ཀྱང་སྒྲུང་གཏམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། དེར་བརྟེན། སྒྲུང་གཏམ་གསར་རྩོམ་ལ་བྱང་ཆ་ཡོད་པའི་རྩོམ་པ་པོ་ཞིག་ཡིན་ན། དེ་ཉིད་ཀྱི་བརྩམས་ཆོས་ཁྲོད་ཀྱི་མི་སྣ་ཕལ་བ་རྣམས་ནི་ཡོད་ཀྱང་ཆོག་ལ་མེད་ཀྱང་ཞིག་གཏན་ནས་མིན་པ་མ་ཟད། གཏམ་རྒྱུད་རིལ་པོ་གཅིག་འགྲུབ་པ་དང་། མི་སྣའི་སྣང་བརྙན་གསར་སློང་བྱེད་པའི་ཐད་ལ་ནུས་པ་གལ་ཆེན་འདོན་བཞིན་ཡོད་པས།རྩོམ་མཁན་དང་ཀློག་མཁན་གཉིས་ཀས་མཐོང་ཆུང་གཏན་ནས་བྱ་མི་རུང་ངོ་།།

ཞེ་གཉིས། སྒྲུང་གཏམ་ལས་མི་སྣ་ཕལ་བས་ནུས་པ་ཅི་ཞིག་འདོན་དགོས།

   ལན། སྒྲུང་གཏམ་ཁྲོད་གྱི་མི་སྣ་ཕལ་བས་ནུས་པ་བཞི་འདོན་ཐུབ་པ་སྟེ། དང་པོ་རམ་འདེགས་ཀྱི་ནུས་པ་ཡིན་ལ། མི་སྣང་ཕལ་བ་ཡོད་ན་མི་སྣ་གཙོ་བོའི་སྣང་བརྙན་གསར་སློང་བྱེད་པ་དང་། བྱུང་རིམ་ཕུན་ཚོགས་ཇེ་ཚོགས་གཏོང་བ་དང་། གཏམ་རྒྱུད་ཀྱི་འབྱུང་རྐྱེན་དུ་གྱུར་ཏེ་བྱུང་རིམ་གྱི་འགྱུར་ལྡོག་འབྱུང་བར་རམ་འདེགས་བྱེད་ནུས། གཉིས་ནི་འགལ་འབྲེལ་གྱི་ནུས་པ་ཡིན་ཏེ།  སྒྲུང་གཏམ་ཁྲོད་དུ་མི་སྣ་ཕལ་བ་བཀོད་སྒྲིག་བྱས་ན་མི་སྣ་དང་མི་སྣའི་བར་ལ་འགལ་བ་དང་འབྲེལ་བ་འབྱུང་སྲིད། གསུམ་པ་ནི་སྒྲུ་རྩལ་གྱི་རིན་ཐང་ཇེ་མཐོར་གཏོང་ཆེད་ཡིན་ཏེ། སྒྲུང་གཏམ་སྐོར་དང་རིམ་པ་ཞིག་ལ་མཚོན་ན། བཀླགས་མ་ཐག་ཏུ་མི་སྣ་ཕལ་བ་ལ་ལ་ནི་ཡོད་ཀྱང་མེད་ཀྱང་རུང་བའི་ཚོར་སྣང་བསྟེར་མོད། དོན་དམ་དུ་མི་སྣ་ཕལ་བ་ལ་ལས་སྒྲུང་གཏམ་གྱི་མི་སེམས་འགུགས་པའི་ནུས་པ་ཇེ་ཆེར་གཏོང་བ་དང་། བརྗོད་བྱ་དང་བརྗོད་སྙིང་གི་རྔམས་ཀ་ཇེ་མཐུག་དང་ཇེ་ཟབ་ཏུ་གཏོང་བའི་ཐད་དུ་ནུས་པ་ཆེན་པོ་འདོན་ཐུབ།    བཞི་པ་ནི་རྒྱབ་ལྗོངས་ཀྱི་ནུས་པ་ཡིན་ཏེ།  སྒྲུང་གཏམ་ལ་ལར་ཆ་མཚོན་ན།   མི་སྣ་གཙོ་བོ་སྲོག་ཤིང་དུ་བཀོད་དེ་བྱུང་རིམ་མདུན་ལ་འདེད་སྐབས། མི་སྣ་ཕལ་བ་མང་པོ་ནི་རྒྱབ་ལྗོངས་ཀྱི་ཚུལ་དུ་འདྲེན་བཞིན་ཡོད་ལ། རྒྱབ་ལྗོངས་འདིའི་རིགས་ནི་ལུགས་དང་མཐུན་པའི་ངང་ནས་བརྩམས་ཆོས་སུ་དྲངས་པ་ན། མི་སྣ་གཙོ་བོའི་གཤིས་ཀ་དང་མི་སྣ་བར་གྱི་བརྩེ་དུང་ངམ་འཁོན་སེམས་མཚོན་པ་དང་། གཤིས་ཀ་དང་བསྟུན་ནས་སྤྱོད་པ་བཀོད་འབྲི་བྱེད་པའི་ཐད་ལ་ནུས་པ་ཆེན་པོ་འདོན་ཐུབ།

ཞེ་གསུམ། མི་སྣ་གཏན་ལ་འབེབས་སྐབས་ཡིད་འཇོག་བྱ་དགོས་པ་གང་དག་ཡོད།

   ལན། སྒྲུང་གཏམ་ཁྲོད་ཀྱི་མི་སྣ་གཙོ་བོ་དང་ཕལ་བ་རྣམས་གཏན་ལ་འབེབས་སྐབས། རྩོམ་མཁན་གྱིས་གནད་འདི་དག་ལ་ཡིད་འཇོག་བྱ་དགོས་པ་འདྲ་སྟེ། གཅིག  མི་སྣ་གཙོ་བོ་དང་ཕལ་བ་ནི་བརྩམས་ཆོས་ཁྲོད་དུ་མི་སྣའི་བྱ་བྱེད་ཀྱིས་གྲུབ་ཆ་བཟུང་ཡོད་པ་དང་། བྱུང་རིམ་མདུན་ལ་འདེད་སྐབས་ནུས་པ་ཅི་ཙམ་བཏོན་ཡོད་པ། སུ་ཞིག་ནི་རྩོམ་གྱི་བསམ་བློའི་རྟེན་གཞི་གཙོ་བོ་དང་གང་ཞིག་ནི་རྟེན་གཞི་ཕལ་བ་ཡིན་པར་བརྟགས་ཏེ་གཏན་ལ་ཕབ་ཡིན་ལ། དེ་མི་སྣ་རང་སྟེང་གི་སྤྱི་ཚོགས་གོ་གནས་དང་། དཔལ་འབྱོར་ཆ་རྐྱེན། རིག་གནས་ཡོན་ཚད་སོགས་དང་འབྲེལ་བ་ཅི་ཡང་མེད། གཉིས། སྒྲུང་གཏམ་རེ་རེའི་བརྗོད་བྱའི་ཁྱད་ཆོས་མི་འདྲ་བ་ན། མི་སྣ་གཙོ་ཕལ་གཏན་ལ་འབེབས་ལུགས་ཀྱང་སྣ་ཚོགས་ཤིག་ཡོད་ངེས་ཡིན་པས། བློས་སློང་གི་ལས་ལ་འཇུག་སྐབས་རང་གི་བརྗོད་འདོད་ཀྱི་རྗེས་སུ་འབྲངས་པ་ལས་གཞན་གྱི་ཟེར་སྒྲོས་ལ་དང་དོད་ཆེན་པོ་མ་བྱས་ན་ལེགས། གསུམ། སྒྲུང་གཏམ་བློས་སློང་བྱེད་སྐབས། མི་སྣ་གཙོ་ཕལ་གཏན་ལ་འབེབས་ལུགས་བྱེ་བྲག་པ་རེ་རེར་བསམ་བློ་གཏང་དགོས་མོད། གསར་རྩོམ་དངོས་ལ་འཇུག་སྐབས་སྤྱི་ལ་ཁྱབ་པའི་ངོས་ཟིན་ལ་བརྟེན་ནས་བྱུང་རིམ་མདུན་ལ་འདེད་དགོས།

ཞེ་བཞི། སྒྲུང་གཏམ་བློས་སློང་གི་སྐབས་སུ་མི་སྣའི་འགལ་བ་དང་འབྲེལ་བ་གཏན་ལ་དབབ་དགོས་དོན་ཅི།

   ལན། ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་མི་རྣམས་ནི་ཁྱིམ་མཚེས་གཡས་གཡོན་གྱི་འགལ་བ་དང་འབྲེལ་བ། ཁྱོ་ཤུག་བར་གྱི་འགལ་བ་དང་འབྲེལ་བ། ཕ་མ་བུ་ཕྲུག་གི་འགལ་བ་དང་འབྲེལ་བ།སློབ་གྲོགས་བར་གྱི་འགལ་བ་དང་འབྲེལ་བ། དགེ་སློབ་བར་གྱི་འགལ་བ་དང་འབྲེལ་བ། མཛའ་གྲོགས་ཀྱི་འགལ་བ་དང་འབྲེལ་བ། མགོ་ཁྲིད་དང་མང་ཚོགས་བར་གྱི་འགལ་བ་དང་འབྲེལ་བ་སོགས་ཀྱི་དྲ་རྒྱར་ཚུད་འདུག་པ་དང་།སྒྲུང་གཏམ་གྱི་བརྗོད་བྱ་ནི་མིའི་འཚོ་བ་ཡིན་པ་ན། རྩོམ་པ་པོ་རྣམས་སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་སྐབས་མི་དང་མིའི་བར་གྱི་འགལ་བ་དང་འབྲེལ་བར་གཞའ་ཐབས་གཟུར་ཐབས་གཏན་ནས་མེད་པས།སྒྲུང་གཏམ་གང་དང་གང་ཞིག་བློས་སློང་བྱེད་སྐབས། མི་སྣ་དང་མི་སྣའི་བར་གྱི་འགལ་བ་དང་འབྲེལ་བར་དང་དོད་མི་བྱེད་ཀ་མེད་དུ་གྱུར་པ་ཡིན། 

ཞེ་ལྔ།  མི་སྣའི་འགལ་གཏན་ལ་འབེབས་སྐབས་ཕྱོགས་གང་དག་ལ་བསམ་བློ་གཏང་དགོས།

   ལན། གཞན་གྱི་ཟེར་སྒྲོས་དང་རང་གི་ཉམས་མྱོང་ལྷན་དུ་བསྡེབས་ནས་དཔྱད་ན། སྒྲུང་གཏམ་བློས་སློང་གི་དུས་སུ་མི་སྣ་དང་མི་སྣ་བར་གྱི་འགལ་བ་འབྲེལ་བ་གཏན་ལ་འབེབས་སྐབས། བརྗོད་སྙིང་ལེགས་པར་སྟོན་པ་དང་། བརྗོད་བྱ་རྫོགས་པར་སྟོན་པ། མི་སྣའི་སྣང་བརྙན་གསར་སློང་ངམ་མི་གཤིས་མངོན་པར་མཚོན་པ་བཅས་ལ་བསམ་བློ་གཏང་དགོས་འདུག

ཞེ་དྲུག  མི་སྣའི་འགལ་འབྲེལ་གཏན་ལ་འབེབས་སྐབས་བརྗོད་སྙིང་ལ་དམིགས་པ་གཏད་དོན་ཅི།

   ལན། སྒྲུང་གཏམ་ཐམས་ཅད་གསར་རྩོམ་བྱེད་སྐབས། བྱུང་རིམ་ནི་བརྗོད་སྙིང་གཞིར་བཟུང་ནས་གཏན་ལ་དབབ་དགོས་པ་མ་ཟད། བྱུང་རིམ་གྱི་རྒྱས་བསྡུས་ཀྱང་བརྗོད་སྙིང་དམིགས་སུ་བཟུང་ནས་ཐག་གིས་གཅད་དགོས་པ་ན། སྒྲུང་གཏམ་བློས་སློང་བྱེད་སྐབས་བརྗོད་སྙིང་ལ་བསྟུན་ཏེ་མི་སྣ་དང་མི་སྣའི་བར་གྱི་འབྲེལ་བ་གཏན་ལ་མི་འབེབས་ཀ་མེད་ཡིན། དཔེར་ན་ཁོ་བོས་སྒྲུང་གཏམ《རླུང》ཞེས་པ་དེ་བློས་སློང་བྱེད་སྐབས། འདུན་པ་མི་བརྟན་རླུང་དང་འདྲ་བ། འཚོ་བའི་ཁ་ཕྱོགས་མི་བརྟན་རླུང་དང་འདྲ་བའི་སློབ་ཆེན་པ་ཞིག་གི་འཚོ་བ་འབྲི་གྲབས་ཡོད་པས། སྒྲུང་གཏམ་བློས་སློང་བྱེད་སྐབས་རང་གིས་བརྗོད་པར་འདོད་པ་དེ་མངོན་པར་འགྱུར་བར་དམིགས་ཏེ། ཐོག་མར་མི་སྣ་གཙོ་བོ་སྟེ་བསོད་ནམས་རྒྱ་མཚོའི་རླུང་དང་འདྲ་བའི་འཚོ་བ་རོལ་སྟངས་དང་རླུང་དང་འདྲ་བའི་གཤིས་ཀའི་གྲུབ་རྐྱེན་གཞིར་བཟུང་ནས་བསོད་ནམས་རྒྱ་མཚོ་དང་ཁོ་རང་གི་སློབ་གྲོགས། བསོད་ནམས་རྒྱ་མཚོ་དང་ཁོ་རང་གི་ཕ་མ་སོགས་ཀྱི་འགལ་བ་དང་འབྲེལ་བ་གཏན་ལ་ཕབ་པ་དང་།  རྗེས་སུ་འབྲེལ་བ་དེ་དག་མཚོན་བྱེད་ཀྱི་དཔེ་མཚོན་རང་བཞིན་ལྡན་པའི་བྱུང་རིམ་སྐོར་ཞིག་ལྷན་དུ་བསྡེབས་ཏེ། རང་གིས་བརྗོད་པར་འདོད་པ་དེ་ཉིད་རྫོགས་པར་སྟོན་པའི་ལས་ལ་འབད་པ་ཡིན།

ཞེ་བདུན།  མི་སྣའི་འགལ་འབྲེལ་གཏན་ལ་འབེབས་སྐབས་བརྗོད་བྱར་དམིགས་པ་གཏད་དོན་ཅི།

   ལན། སྒྲུང་གཏམ་སྐོར་ཞིག་བློས་སློང་བྱེད་སྐབས། རྩོམ་པ་པོས་རྩོམ་གྲབས་ཡོད་པའི་སྒྲུང་གཏམ་དེ་ཉིད་ཀྱི་བརྗོད་བྱ་རྫོགས་པར་སྟོན་པའི་དགོས་མཁོ་ལ་དམིགས་ཏེ། མི་སྣ་གཏན་ལ་འབེབས་པ་དང་མི་སྣ་དང་མི་སྣའི་བར་གྱི་འགལ་བ་དང་འབྲེལ་བ་གཏན་ལ་མི་འབེབས་ཀ་མེད་ཡིན་པར་འདོད། ཁོ་བོ་གསར་རྩོམ་ལ་བྱང་ཆ་ཅུང་ཟད་བྱུང་རྗེས། སྒྲུང་གཏམ་སྐོར་ཞིག་བློས་སློང་བྱེད་སྐབས་མི་སྣ་དང་མི་སྣའི་འགལ་བ་དང་འབྲེལ་བ་ནི་བརྗོད་བྱ་རྫོགས་པར་སྟོན་པའི་དགོས་མཁོ་དང་བསྟུན་ནས་གཏན་ལ་ཕབ་པ་ཡིན། དཔེར་ན་སྒྲུང་ཐུང《མེ་ལོང》ལ་ཆ་མཚོན་ན་བརྗོད་བྱ་ནི་གྲུབ་མཐའ་ཕྱོགས་རིས་ཀྱི་རྒྱ་ལ་ཚུད་པའི་ཆོས་ལུགས་པ་ཞིག་གི་འཆི་བའི་འཇིགས་སྣང་ཡིན་ལ། བརྗོད་བྱ་དེ་ཉིད་རྫོགས་པར་སྟོན་ཆེད། མི་སྣ་གཙོ་བོ་བསྟན་འཛིན་འཇིགས་མེད་སྨན་ཁང་དུ་སྡོད་སྐབས། ཁོ་རང་ལ་ནད་གྲོགས་གཉིས་ཏེ་ཁ་ཆེ་བ་ཞིག་དང“བོན་དགོན་གྲགས་ཅན”གྱི་གྲྭ་པ་དེ་བཀོད་སྒྲིག་བྱས་པ་མ་ཟད། བསྟན་འཛིན་འཇིགས་མེད་ཀྱིས་ནད་ཁང་གི་མེ་ལོང་བརྒྱུད་དེ“ཡུལ་གྲུ་འདིའི་ཚོང་ཁྲོམ་གྲགས་ཅན”དེ་མཐོང་བ་ལ་བརྟེན་ནས“རལ་ཐུམ་དམར་པོ་ཅན། ཨག་ཚོམ་གྲོ་བོ་ཅན། ལུས་ལ་སེར་སྐྱ་གཉིས་ཀའི་གྱོན་གོས་བསྡེབས་ནས་གྱོན་འདུག་པའི་སྔགས་པ”དང་། “ནམ་རྒྱུན་ཚོགས་དྲུག་རང་གྲོལ་གྱི་མགུར་གླུ་དབྱངས་སུ་གྱེར་ནས་ལེན་བཞིན་ཡོད་པའི་སློང་མོ་བ”གོས་ཧྲུལ་ཅན་སོགས་དགོས་མཁོ་ལྟར་དྲངས་པ་ཡིན།   སྒྲུང་ཐུང《དཔལ་འབྱོར》གྱི་བརྗོད་བྱ་ནི་སྒོར་མོའི་འཁོར་རྒྱུགས་ལ་བརྟེན་ནས་བྱུང་བའི་དཔལ་འབྱོར་གྱི་སྣང་ཚུལ་ཡ་མཚར་བ་དེ་ཡིན་ལ། བརྩམས་ཆོས་ལས་བརྗོད་བྱ་འདི་ཉིད་ཀྱི་རྫོགས་པར་སྟོན་ཆེད། སྒྲུང་གཏམ་བློས་སློང་བྱེད་སྐབས་སྒོར་མོ་ཆིག་ཁྲི་ཁུངས་སྣེ་བྱས་ཏེ་མཆོག་སྤྲུལ་མཁའ་ལྡིང་རིན་པོ་ཆེ་དང་། ཀླུ་རྒྱལ་ཕོ་བྲང་གི་སྤྱི་གཉེར་བ་ཆེན་མོ་བཀྲ་ཤིས། སྡེ་དཔོན་སྐྱབས་ལོ། ལུག་མང་ཆོས་རྒྱལ། གྲུ་བ་རྟ་མགྲིན་རྣམས་རིམ་པ་བཞིན་དུ་དྲངས་ཏེ། དེ་དག་གི་བར་དུ་བྱུང་བའི་དཔལ་འབྱོར་གྱི་འགལ་བ་དང་འབྲེལ་བ་དཔེ་མཚོན་རང་བཞིན་ལྡན་པའི་བྱུང་རིམ་སྐོར་དང་རིམ་པ་ཞིག་ལ་བརྟེན་ནས་སྟོན་པར་འབད་པ་ཡིན་ནོ། །

ཞེ་བརྒྱད། མི་སྣའི་འགལ་འབྲེལ་གཏན་ལ་འབེབས་སྐབས་མི་སྣར་དམིགས་པ་གཏད་དོན་ཅི།

   ལན། རྒྱུགས་ཆེ་བའི་རྩོམ་རིག་གཞུང་ལུགས་ལྟར་ན། སྒྲུང་གཏམ་གྱི་སྲོག་ཤིང་ནི་མི་སྣ་ཡིན་པ་དང་། སྒྲུང་གཏམ་ལས་མི་སྣའི་སྣང་བརྙན་གསར་སློང་བྱེད་པའམ་མི་གཤིས་ཀྱི་དགེ་སྡུག་གི་ཆ་དེ་མཚོན་དགོས་པ་ན། མི་སྣ་དང་མི་སྣའི་བར་གྱི་འགལ་བ་དང་འབྲེལ་བ་དེ་མི་སྣའི་སྣང་བརྙན་གསར་སློང་བྱེད་པའམ་མི་གཤིས་མཚོན་པའི་དགོས་མཁོར་དམིགས་ནས་གཏན་ལ་དབབ་དགོས་འདུག་ལ། སྦྱོར་བ་འདི་ནི་རྩོམ་པ་པོ་རྣམས་སྒྲུང་གཏམ་བློས་སློང་གི་ལས་ལ་འཇུག་སྐབས་དང་དོད་བྱེད་སྲིད་པ་དང་། དང་དོད་བྱེད་འོས་པའི་གནད་དམ་པ་ཞིག་ཡིན་པ་འདྲ། ཁོ་བོའི་སྒྲུང་གཏམ་སྐོར་ཞིག་ལ་ལ་ཆ་མཚོན་ན། བརྩམས་ཆོས་བློས་སློང་བྱེད་སྐབས་མི་སྣའི་འགལ་བ་འབྲེལ་བ་གཏན་ལ་འབེབས་ལུགས་ནི་མི་སྣ་གཙོ་བོའི་སྣང་བརྙན་ནམ་མི་གཤིས་མཚོན་པའི་དགོས་མཁོ་དང་བསྟུན་པར་འབད་པ་ཡིན་ཏེ། དཔེར་ན་སྒྲུང་ཐུང《འཕྲིན་ལས་རྒྱ་མཚོ》བློས་སློང་བྱེད་སྐབས། མི་སྣ་གཙོ་བོ་འཕྲིན་ལས་རྒྱ་མཚོ་དང་རིག་ལོག་བར་གྱི་འགལ་བ་དང་འབྲེལ་བ། འཕྲིན་ལས་རྒྱ་མཚོ་དང་དབང་སྒྲོན་བར་གྱི་འགལ་བ་འབྲེལ་བ། འཕྲིན་ལས་རྒྱ་མཚོ་དང་ན་ཆུང་རྩེ་རའི་སྐྱེས་པ་དར་མ་བར་གྱི་འགལ་བ་དང་འབྲེལ་བ། འཕྲིན་ལས་རྒྱ་མཚོ་དང་རླུང་འཕྲིན་ཁང་གི་གསར་འགོད་པ་ཚེ་རིང་གཉིས་ཀའི་འགལ་བ་དང་འབྲེལ་བ་དམིགས་སུ་བཟུང་ནས་བྱུང་རིམ་བཀོད་སྒྲིག་བྱས་པ་ན། གསར་རྩོམ་ལ་འཇུག་སྐབས་འཕྲིན་ལས་རྒྱ་མཚོའི་དབུལ་ཕོངས། ཉམ་ཆུང་། ནུས་མེད་ཀྱི་སྣང་བརྙན་གྱི་བསླངས་སོང་བ་མ་ཟད། ད་དུང་དེ་ཉིད་ཀྱི་འདོད་སྲེད་ཆེ་ཞིང་ཚུལ་འཆོས་ལ་གོམས་པའི་གཤིས་ཀའི་ཟུར་ཞིག་ཀྱང་མཚོན་ཐུབ་པར་གྱུར་པ་ལྟ་བུའོ། །

ཞེ་དགུ། མི་སྣའི་འགལ་འབྲེལ་གཏན་ལ་འབེབས་སྐབས་ཕྱོགས་གང་དག་ལ་ཡིད་འཇོག་བྱ་དགོས།

   ལན། སྒྲུང་གཏམ་བློས་སློང་བྱེད་སྐབས་མི་སྣའི་འགལ་བ་དང་འབྲེལ་བ་ལེགས་པར་གཏན་ལ་འབེབས་ན་ཡིད་འཇོག་བྱ་དགོས་འདུག་སྟེ། གཅིག སྒྲུང་གཏམ་ཁྲོད་ཀྱི་མི་སྣ་དང་མི་སྣའི་བར་གྱི་འགལ་བ་དང་འབྲེལ་བ་ནི་རྩོམ་མཁན་གྱིས་གང་འདོད་འདོད་དུ་བཀོད་སྒྲིག་བྱས་པ་ཞིག་ནི་གཏན་ནས་མིན་ཏེ། སྐབས་འདིའི་དམིགས་པ་གཙོ་བོ་ནི་མི་སྣའི་འགལ་འབྲེལ་ཡོད་ཚད་ཀྱིས་བརྗོད་སྙིང་ལེགས་པར་མཚོན་ཐུབ་མིན་ནམ། བརྗོད་བྱ་རྫོགས་པར་སྟོན་ཐུབ་མིན་ནམ། མི་སྣའི་སྣང་བརྙན་ནམ་གཤིས་ཀ་མཚོན་ཐུབ་མིན་ལ་བསམ་བློ་གཏང་དགོས། གཉིས། སྒྲུང་གཏམ་ཁྲོད་ཀྱི་མི་སྣ་དང་མི་སྣའི་བར་གྱི་འགལ་བར་གཙོ་ཕལ་གྱི་དབྱེ་བ་ཡོད་པ་ན། བྱུང་རིམ་བཀོད་སྒྲིག་བྱེད་སྐབས་བྱུང་རིམ་གྱི་རྒྱས་བསྡུས་ནི་འགལ་བའི་གཙོ་ཕལ་དང་བསྟུན་དགོས། གསུམ། གཏམ་རྒྱུད་ཡིད་དབང་འཕྲོག་པའི་སྒོ་ནས་རྫོགས་པར་སྟོན་པའམ།   འཚོ་བའི་རྣམ་པ་བདེན་པ་བདེན་དྲང་གིས་མཚོན་ཆེད།  སྐབས་རེར་སྒྲུང་གཏམ་ཁྲོད་དུ་འགལ་འབྲེལ་མཚོན་མི་ནུས་པའི་མི་སྣ་རེ་གཉིས་སམ་དུ་མ་མི་འདྲེན་ཀ་མེད་ཡིན།

ལྔ་བཅུ། སྒྲུང་གཏམ་ལས་མི་སྣའི་འགལ་བ་ཐང་མར་བརྡལ་དོན་ཅི། 

   ལན། སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་འགལ་བ་དང་འབྲེལ་བ་ཕྱོགས་བསྡུ་བྱས་ནས་མཚོན་པ་དང་། འགལ་བ་དང་འབྲེལ་བའི་ཁྲོད་ནས་མི་སྣ་སྣ་ཚོགས་ཀྱི་སྣང་བརྙན་གསར་སློང་བྱས་ཏེ། མི་གཤིས་ཕེག་རྡེབ་ལ་བརྟེན་ནས་བྱུང་བའི་སྤྲོ་གར་དང་སྐྱོ་གར་ཡི་གེ་རྣམ་པར་སྤེལ་བ་ནི་སྒྲུང་གཏམ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་ལ། ཉམས་མྱོང་ཅན་གྱི་རྩོམ་པ་པོ་ཞིག་ཡིན་ན། འགལ་བའི་ཕེག་རྡེབ་ལ་བརྩི་མཐོང་ཆེན་པོ་བྱེད་པར་ངེས་ཏེ། ཅི་ཡིན་ཞེ་ན། སྒྲུང་གཏམ་ལ་ཛ་དྲག་ཆེ་ཞིང་ལུགས་དང་མཐུན་པའི་འགལ་བ་ཡོད་ན། མི་སྣའི་བར་གྱི་འགལ་བའི་རྣམ་པ་གསལ་བ་དང་། མི་སྣའི་སྣང་བརྙན་ལ་གཟུགས་རིས་ལྡན་པའི་སྒོ་ནས་བྱུང་རིམ་མདུན་ནས་མདུན་ལ་འདེད་ནུས་པ་མ་ཟད། མཛེས་དཔྱོད་ཀྱི་ཐད་ནས་བརྗོད་ན། མི་སྣའི་འགལ་བར་སྒྱུ་རྩལ་གྱི་ཉམས་སྣང་ཆེན་པོ་ལྡན་པས། ཀློག་པ་པོའི་ཡིད་སེམས་སྒྲུང་གཏམ་ཁྲོད་ལ་འདྲེན་ཐུབ། དེར་བརྟེན། སྒྲུང་གཏམ་ལ་འགལ་བ་མེད་པ་དང་། དོགས་གཞི་མེད་པ་དང་། ཆག་སྒོ་མེད་པར་འགྱུར་བ་ན། བརྩམས་ཆོས་ཕུལ་དུ་བྱུང་བ་ཞིག་འབྱུང་དཀའ་བ་དང་། སྒྲུང་གཏམ་གྱི་བརྗོད་བྱས་ཀློག་པ་པོའི་ཡིད་སེམས་ལ་མངའ་དབང་སྒྱུར་མི་ཐུབ།   

ང་གཅིག  སྒྲུང་གཏམ་ཁྲོད་ཀྱི་འགལ་བ་ལ་རིགས་མི་འདྲ་བ་གང་དག་ཡོད།

   ལན། རིག་གཞུང་ཞིབ་འཇུག་པ་རྣམས་ཀྱི་ཞིབ་འཇུག་གྲུབ་འབྲས་དང་རང་ཉིད་ཀྱི་གསར་རྩོམ་ཉམས་མྱོང་ལྟར་ན། སྒྲུང་གཏམ་ཁྲོད་ཀྱི་འགལ་བ་ལ་མི་སྣ་དང་མི་སྣ་བར་གྱི་འགལ་བ་དང་། མི་སྣ་དང་ཁོར་ཡུག་བར་གྱི་འགལ་བ་དང་། མི་སྣ་རང་ཉིད་ཐད་ཀྱི་འགལ་བ་བཅས་རིགས་མི་འདྲ་བ་གསུམ་ཡོད་པ་འདྲ།

ང་གཉིས།  མི་སྣ་དང་མི་སྣའི་འགལ་བ་ལ་རིགས་གང་དག་ཡོད་པ་དང་། འགལ་བ་དེ་ལེགས་པར་བསྟན་ན་དགེ་མཚན་ཅི།

   ལན། མི་སྣ་དང་མི་སྣ་བར་གྱི་འགལ་བ་ནི་སྒྲུང་གཏམ་གྱི་བརྗོད་བྱའི་ཁྲོད་ཀྱི་འགལ་བ་གཙོ་བོ་དེ་ཡིན་ལ། དེ་ལ་ནང་གསེས་སུ་དབྱེ་ན་འདུན་པའི་ཐད་ཀྱི་འགལ་བ་དང་། བྱ་སྤྱོད་ཐད་ཀྱི་འགལ་བ་བཅས་གཉིས་ཡོད་པ་འདྲ་ཞིང་།སྒྲུང་གཏམ་བློས་སློང་གི་སྐབས་སུ། གལ་སྲིད་འགལ་བ་དེ་དག་ཡིད་དབང་འཕྲོག་པའི་བྱུང་རིམ་མམ་བྱུང་རིམ་ཕྲ་མོའི་རྣམ་པར་བསྒྱུར་ཏེ་བརྩམས་ཆོས་སུ་འདྲེན་པར་ནུས་ན། སྒྲུང་གཏམ་ཕུལ་དུ་བྱུང་བ་ཞིག་འབྱུང་བ་ལ་རྨང་གཞིའི་ཆ་རྐྱེན་ལྡན་པར་གྱུར་པ་ཡིན་ནོ། །  

ང་གསུམ། སྒྲུང་གཏམ་དུ་མི་སྣའི་འདུན་པའི་ཐད་ཀྱི་འགལ་བ་འདྲེན་དོན་ཅི། འགལ་བ་དེ་ཇི་ལྟར་འདྲེན་དགོས།

   ལན། འདུན་པ་ནི་རེ་བ་དང་།  སྨོན་པ། འདོད་པ་སོགས་ཀྱི་མིང་ཡིན་ལ། འཚོ་བ་དངོས་ལ་གཞིགས་ན་ལས་ཀ་རིགས་གཅིག་ལ་འཇུག་པའམ་དོན་དག་ཅིག་ལ་འཕྲད་སྐབས། མི་རྣམས་ཀྱི་རེ་བ་དང་། སྨོན་པ། འདོད་པ་སོགས་ནི་མི་གཅིག་ཁ་ཁ་ཡིན་པ་མ་ཟད། གནས་སྐབས་ལ་ལར་རེ་བ་ལ་སོགས་མི་གཅིག་པའི་དབང་གིས་འགལ་བ་ཆེ་ཆུང་སྣ་ཚོགས་ཀྱང་འབྱུང་སྲིད་པ་དང་། སྒྲུང་གཏམ་ལས་འཚོ་བའི་བདེན་མི་འཆོར་ཞིང་མི་སྣའི་སྣང་བརྙན་ནམ་གཤིས་ཀ་གསལ་བའི་ངང་ནས་འགལ་བ་དང་འབྲེལ་བ་མཚོན་པའི་བྱུང་རིམ་མདུན་ལ་འདེད་དགོས་པ་ན། བརྩམས་ཆོས་བློས་སློང་བྱེད་པའི་དུས་སུ། མི་སྣའི་འདུན་པ་དམིགས་སུ་བཟུང་སྟེ་མི་སྣ་གཙོ་ཕལ་རྣམས་ལས་གང་ཞིག་ལ་འཇུག་པའམ། དོན་དག་གང་ཞིག་ལ་འཕྲད་སྐབས་ཀྱི་འདུན་པ་ལ་བརྟེན་ནས་བྱུང་བའི་འགལ་བ་རྣམས་བྱུང་རིམ་དང་བྱུང་རིམ་ཕྲ་མོའི་རྣམ་པར་བསྒྱུར་དགོས་འདུགཁོ་བོའི་སྒྲུང་གཏམ་རྣམས་ལས《ཧ་ཅང་ཧ་ཅང》དང་། 《གནས་རི》དང་། 《དྲེད་མོང》དང་། 《བུ་མོ་ལེབ་ལེབ་མའི་བརྩེ་དུང་ལེབ་ལེབ》སོགས་ཀྱི་བྱུང་རིམ་ནི་མི་སྣ་དང་མི་སྣའི་བར་གྱི་འདུན་པའི་ཐད་ཀྱི་འགལ་བ་དམིགས་སུ་བཟུང་ནས་མདུན་ལ་དེད་ཡོད།

ང་བཞི། སྒྲུང་གཏམ་དུ་མི་སྣའི་བྱ་སྤྱོད་ཐད་ཀྱི་འགལ་བ་འདྲེན་དོན་ཅི། འགལ་བ་དེ་ཇི་ལྟར་འདྲེན་དགོས།

   ལན། འཚོ་བ་དངོས་ལ་གཞིགས་པའི་མཐའ་འབྲས་ལྟར་ན། མི་རྣམས་ཀྱི་རིག་གནས་ཆུ་ཚད་དང་འཚོ་བའི་དགའ་ཕྱོགས་མ་འདྲ་བ་ན་བྱ་སྤྱོད་མི་འདྲ་བ་དང་། མི་རྣམས་ཀྱི་སྤྱི་ཚོགས་གོ་གནས་དང་དཔལ་འབྱོར་ཆ་རྐྱེན་མ་འདྲ་བ་ན་བྱ་སྤྱོད་མི་འདྲ་བ་དང་། མི་རྣམས་ཀྱི་ཆོས་ལུགས་དད་མོས་དང་འཚོ་བའི་མོས་འདུན་མ་འདྲ་བ་ན་བྱ་སྤྱོད་མི་འདྲ་མོད། འོན་ཏེ་བྱ་སྤྱོད་ལ་མངའ་དབང་སྒྱུར་མཁན་གཙོ་བོ་ནི་མི་སྒེར་གྱི་གཤིས་ཀ་དང་འདུན་པ་ཡིན་པ་དང་། མི་སྒེར་རེ་རེའི་གཤིས་ཀ་མི་གཅིག་ཁ་ཁ་ཡིན་པ་མ་ཟད། ལས་སོ་སོར་འཇུག་པའི་འདུན་པའང་མི་འདྲ་སོ་སོ་ཡིན་པ་ན། རིག་གནས་ཆུ་ཚད་དང་འཚོ་བའི་དགའ་ཕྱོགས་གཅིག་ཀྱང་བྱ་སྤྱོད་ལ་མི་སྒེར་གྱི་ཁྱད་ཆོས་ལྡན་པར་གྱུར། དེར་བརྟེན། སྒྲུང་གཏམ་བློས་སློང་བྱེད་སྐབས། རྩོམ་པོ་པོས་མི་རྣམས་ཀྱི་བྱ་སྤྱོད་མི་འདྲ་བ་ལ་དམིགས་པ་གཏད་དེ། མི་སྣ་གཉིས་སམ་དུ་མ་དོན་དག་བྱེ་བྲག་པ་ལ་འཇུག་སྐབས་ཀྱི་སྤྱོད་སྟངས་ཐད་ཀྱི་འགལ་བ་དེ་བྱུང་རིམ་མམ་བྱུང་རིམ་ཕྲ་མོའི་རྣམ་པར་བསྒྱུར་ནས་མཚོན་བཞིན་ཡོད། ད་ལྟ་ཞིབ་ཏུ་དཔྱད་ན་ངོས་ཟིན་འདི་འདྲ་འབྱུང་བ་ཡིན་ཏེ། ཁོ་བོས་སྒྲུང་གཏམ《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》དང་།《ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ》དང་། 《རླུང》དང་།   《བསོད་ནམས》ལ་སོགས་པ་བློས་སློང་བྱེད་སྐབས། བརྗོད་བྱ་རྫོགས་པར་སྟོན་པ་དང་མི་སྣའི་སྣང་བརྙན་གསར་སློང་བྱེད་པའི་དགོས་མཁོར་དམིགས་ཏེ་མི་སྣའི་བྱ་སྤྱོད་ཐད་ཀྱི་འགལ་བ་སྣ་ཚོགས་སིལ་བུར་དྲངས་འདུག་པ་དང་། མི་སྣ་གཉིས་སམ་དུ་མའི་བྱ་སྤྱོད་ཀྱི་འགལ་བ་བརྩམས་ཆོས་ཡོངས་ལ་ཁྱབ་འདུག་པ་ནི་སྒྲུང་ཐུང《མ་གྱུར་སེམས་ཅན》དང་། མུ་འབྲེལ་སྒྲུང་གཏམ་ཡིག་བརྒྱ་མ《སྒྲོལ་མ་ཉེར་གཅིག》གི་གསུམ་པ་སྟེ《སེམས་ཁོང་གི་ཟུག་གཟེར》དང་།《སྒྲོལ་མ་ཉེར་གཅིག》གི་བཅུ་གསུམ་པ་སྟེ《བྲག་སྲིན་མོར་མངལ་ཆགས་པའི་གཏམ་རྒྱུད》སོགས་སྒྲུང་གཏམ་ཉུང་ཤས་ཤིག་ལས་མི་འདུག 

ང་ལྔ། སྒྲུང་གཏམ་དུ་མི་སྣ་དང་ཁོར་ཡུག་བར་གྱི་འགལ་བ་ཐང་མར་བརྡལ་དོན་ཅི།

   ལན། མི་སྣ་དང་ཁོར་ཡུག་བར་གྱི་འགལ་བའང་སྒྲུང་གཏམ་གྱི་བརྗོད་བྱའི་ཁྲོད་ཀྱི་འགལ་བ་གལ་འགངས་ཆེ་བ་ཞིག་ཡིན་ལ། སྒྲུང་གཏམ་གང་ཞིག་བློས་སློང་བྱེད་སྐབས། གལ་སྲིད་མི་སྣ་དང་ཁོར་ཡུག་གི་འགལ་བ་དེ་སྐབས་སུ་བབས་པའི་དགོས་མཁོ་ལྟར་སྤྱད་དེ་བྱུང་རིམ་མདུན་ལ་འདེད་ནུས་ན། དུས་རབས་ཀྱི་རྣམ་པ་དང་གནས་ཚུལ་གསལ་བའི་སྒྲུང་གཏམ་ཕུལ་དུ་བྱུང་བ་ཞིག་འབྱུང་བ་ལ་བྱུང་རིམ་ཐད་ཀྱི་རྨང་གཞིའི་ཆ་རྐྱེན་ལྡན་པར་གྱུར་པ་ཡིན།

ང་དྲུག མི་སྣ་དང་ཁོར་ཡུག་གི་འགལ་བ་ལ་རིགས་གང་དག་ཡོད།

   ལན། རྩོམ་རིག་གི་བརྡ་ཆད་དུ་གྱུར་པའི་ཁོར་ཡུག་ལ་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་གཉིས་ཡོད་པ་ན། མི་སྣ་དང་ཁོར་ཡུག་བར་གྱི་འགལ་བའང་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་གཉིས་སུ་དབྱེ་རུང་བར་འདོད་དོ། །   

ང་བདུན། སྒྲུང་གཏམ་དུ་མི་སྣ་དང་སྤྱི་ཚོགས་ཁོར་ཡུག་བར་གྱི་འགལ་བ་དྲངས་ན་དགེ་མཚན་ཅི་ཡོད།

   ལན། མི་གང་དང་གང་ཞིག་ཡིན་རུང་། དེ་ཉིད་ནི་སྤྱི་ཚོགས་འབྲེལ་བ་དང་འབྲེལ་བ་ལས་གཏན་ནས་ཐར་ཐབས་མེད་པ་དང་། ལྷག་པར་སྤྱི་ཚོགས་འགལ་བ་དང་འབྲེལ་བ་ལ་སྤྱི་ཚོགས་ལམ་ལུགས་དང་། ཐོན་སྐྱེད་བྱེད་སྟངས། དཔལ་འབྱོར་འཕེལ་སྟངས། ཡུལ་སྲོལ་གོམས་གཤིས་སོགས་ཀྱིས་མངའ་དབང་སྒྱུར་བཞིན་ཡོད་པས། རྩོམ་པ་པོ་རྣམས་ཀྱིས་སྒྲུང་གཏམ་བློས་སློང་བྱེད་སྐབས། མི་སྣ་དང་སྤྱི་ཚོགས་ཁོར་ཡུག་བར་གྱི་འགལ་བ་དམིགས་སུ་བཟུང་སྟེ་ལུགས་དང་མཐུན་པ། འོས་ཤིང་འཚམ་པའི་སྒོ་ནས་བྱུང་རིམ་མདུན་ལ་དེད་ནུས་ན། རྩོམ་གྲབས་ཡོད་པའི་བརྩམས་ཆོས་ལས་བདེན་ཁ་མི་འཆོར་བའི་ངང་ནས་དུས་རབས་ཀྱི་རྣམ་པ་མཚོན་པ་དང་མི་སྣའི་སྣང་བརྙན་གསར་སློང་བྱེད་པར་རྨང་གཞི་བརྟན་པོ་བཏིང་བ་ཡིན། ཁོ་བོས་སྒྲུང་གཏམ་བློས་སློང་བྱེད་སྐབས། མི་སྣ་དང་སྤྱི་ཚོགས་ཁོར་ཡུག་གི་འབྲེལ་བ་ལ་ཡིད་འཇོག་ཆེན་པོ་བྱས་པ་ཡིན་ཏེ། དཔེར་ན《གྲོང་ཁྱེར་གྱི་འཚོ་བ》དང་།《དགེ་འདུན། གེ་བཅུའི་ཁྲིམས། ད་དུང་གཡག་རོག་པོ་བཅས་ཀྱི་གཏམ་རྒྱུད》དང་། དེ་མིན《ཟླ་བ་དང་མེ་ལོང》དང《སྒྲོལ་མ་ཉེར་གཅིག》གི་བཅུ་དྲུག་པ་སྟེ《ཆུ་ལེན་བུ་མོ》ལ་སོགས་པ་བློས་སློང་བྱེད་སྐབས།  བརྗོད་དོན་རྫོགས་པར་སྟོན་པ་དང་། བྱུང་རིམ་གྱིས་ཀློག་མཁན་མཁན་གྱི་ཡིད་དབང་འཕྲོག་པ། རྒྱབ་ལྗོངས་ཡོད་པའི་སྒོ་ནས་མི་སྣའི་སྣང་བརྙན་གསར་སློང་བྱེད་པའི་དགོས་མཁོ་ལ་དམིགས་ཏེ། སྐབས་རེར་མི་སྣ་དང་སྤྱི་ཚོགས་ཁོར་ཡུག་གི་འགལ་བ་སིལ་བུར་འདྲེན་པ་དང་།   འཚམ་རེར་མི་སྣ་དང་སྤྱི་ཚོགས་ཁོར་ཡུག་བར་གྱི་འགལ་བ་དེ་མངོན་ལ་མི་མངོན་པའི་ངང་ནས་དྲངས་ཡོད།   

ང་བརྒྱད། སྒྲུང་གཏམ་དུ་མི་སྣ་དང་རང་བྱུང་ཁོར་ཡུག་བར་གྱི་འགལ་བ་འདྲེན་དོན་ཅི།

   ལན། འགྲོ་བ་མིའི་རིགས་ཀྱིས་སྲིད་པའི་ཁྱོན་ནས་འཚོ་བ་རོལ་དགོས་ན། ཡུལ་ལམ་གནས་ཤིག་དང་འབྲལ་ཐབས་གཏན་ནས་མེད་པ་མ་ཟད།  སྐབས་མང་པོ་ཞིག་ལ་མི་ཡི་གཤིས་ཀ་དང་། མི་ཡི་སྤྱི་ཚོགས་གོ་གནས། མི་ཡི་འཚོ་བ་རོལ་སྟངས། འཇིག་རྟེན་ལྟ་ཚུལ་སོགས་ནི་ཡུལ་ལམ་གནས་ཀྱི་དབང་ལ་འགྲོ་སྲིད་པ་ན། རྩོམ་པ་པོ་རྣམས་ཀྱིས་སྒྲུང་གཏམ་བློས་སློང་བྱེད་སྐབས།  སྐབས་རེར་གལ་སྲིད་བརྫོད་དོན་རྫོགས་པར་སྟོན་པ་དང་། མི་སྣའི་སྣང་བརྙན་ནམ། མི་སྣའི་གཤིས་ཀའམ། མི་སྣའི་ལས་དབང་། མི་སྣའི་སྤྱོད་ལམ་མམ།   བྱུང་རིམ་གྱི་འཕེལ་ཕྱོགས་སོགས་བདེན་ཁ་མི་འཆོར་བའི་ངང་ནས་མཚོན་དགོས་ཚེ།   མི་སྣ་དང་རང་བྱུང་ཁོར་ཡུག་གི་འགལ་བ་དེ་བརྩམས་ཆོས་ཁྲོད་ལ་མི་འདྲེན་ཀ་མེད་ཡིན།   ཁོ་བོས་སྒྲུང་གཏམ་བློས་སློང་བྱེད་སྐབས། མི་སྣ་དང་རང་བྱུང་ཁོར་ཡུག་བར་གྱི་འགལ་བ་དེ་སྐབས་སུ་བབས་པའི་དགོས་མཁོ་ལྟར་བརྩམས་ཆོས་ཁྲོད་ལ་སིལ་བུར་དྲངས་ཡོད་ལ། དཔེར་ན《བྱེའུ་ཆུང་དམར་པོ》ཁྲོད་དུ་ཆུ་དགྲ་དང་མི་སྣ་བར་གྱི་འགལ་བ། ཐན་མུག་དང་མི་སྣ་བར་གྱི་འགལ་བ་དྲངས་པ་དང་།《སྒྲོལ་མ་ཉེར་གཅིག》གི་བདུན་པ་སྟེ《སེམས་ཁོང་གི་ཚ་རྨུགས》ཁྲོད་དུ་མི་སྣ་གཙོ་བོའི་སེམས་ཁམས་དང་གནམ་གཤིས་བར་གྱི་འགལ་བ་དྲངས་པ་ལྟ་བུའོ། །

ང་དགུ། སྒྲུང་གཏམ་དུ་མི་སྣ་རང་ཉིད་ཐད་ཀྱི་འགལ་བ་ཐང་མར་བརྡལ་དོན་ཅི།

   ལན། སྒྲུང་གཏམ་སྐོར་དང་རིམ་པ་ཞིག་ལ་ཆ་མཚོན་ན། མི་སྣའི་སེམས་ཁམས་གནད་དུ་བཟུང་སྟེ་རང་ཉིད་དང་རང་ཉིད་ཐད་ཀྱི་འགལ་བ་མཚོན་པ་ནི་མི་སྣའི་སྣང་བརྙན་གསར་སློང་བྱེད་ལུགས་གལ་འགངས་ཆེ་བ་ཞིག་ཡིན་པ་ན། སྒྲུང་གཏམ་འདིའི་རིགས་བློས་སློང་གི་ལས་ལ་འཇུག་སྐབས། མི་སྣ་གང་ཞིག་གི་འདོད་པ་དང་ཆ་རྐྱེན་བར་གྱི་འགལ་བ། རྩོལ་བ་དང་མཇུག་འབྲས་བར་གྱི་འགལ་བ། མི་སྣར་འགལ་བ་ཅན་གྱི་དོན་དག་གཉིས་ལས་གང་ཞིག་གདམ་དགོས་པ་མི་ཤེས་པའི་བྱུང་རིམ་ཞིག་བཀོད་སྒྲིག་བྱས་ཏེ། འགལ་བ་ཅན་གྱི་དོན་དག་ལས་ཕྱོགས་གང་བདམས་པ་ལ་བརྟེན་ནས་མི་སྣའི་གཤིས་ཀ་མཚོན་བཞིན་ཡོད།

དྲུག་ཅུ། སྒྲུང་གཏམ་མི་སྣ་རང་ཉིད་ཐད་ཀྱི་འགལ་བ་གང་དག་འདྲེན་དགོས།

   ལན། སྒྲུང་གཏམ་དུ་མི་སྣ་རང་ཉིད་ཐད་ཀྱི་འགལ་བ་སྣ་ཚོགས་ཤིག་འདྲེན་དགོས་འདུག་ཀྱང་། འགལ་བའི་དམིགས་སུ་བཟུང་སྟེ་དབྱེ་ན་འདོད་པ་བཙལ་ཀྱང་མི་རྙེད་པའི་འགལ་བ་དང་། མི་འདོད་པ་ཐོག་ཏུ་འབབ་པའི་འགལ་བ་སྟེ་གཉིས་ཡོད་པར་འདོད།

  • ལེ་ཚན་སྔོན་མ།:སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༡༽
  • ལེ་ཚན་རྗེས་མ།:སྒྲུང་གཏམ་གསར་རྩོམ་ཐད་ཀྱི་དྲི་བ་དྲིས་ལན་སྐལ་ལྡན་ཡིད་ཀྱི་མུན་སེལ།༼༣༽
  • དོ་སྣང་ཆེ་བའི་རྩོམ།