མི་རིགས་ས་ཁུལ་གྱི་སློབ་གསོའི་དབུལ་སྐྱོར་ཐད་ཀྱི་བསམ་གཞིག་འགའ།

ཚེ་རིང་ཉི་མ།        2019-12-16

ནད་དོན་གནད་བསྡུས། སློབ་གསོའི་འཕེལ་རྒྱས་ལ་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དར་རྒྱས་ཡོང་བ་དང་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ལྡན་མོད། ལོ་རྒྱུས་དང་དོན་དངོས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས། མི་རིགས་ས་ཁུལ་གྱི་སློབ་གསོ་དོ་མི་མཉམ་པའི་སྣང་ཚུལ་ལ་ཐོག་མཐའ་བར་གསུམ་དུ་ལེགས་བཅོས་ནུས་ལྡན་བྱེད་མི་ཐུབ་པར་མ་ཟད། ས་ཁུལ་ལས་བརྒལ་བར་མཐུན་སྦྱོར་བྱེད་དཀའ་བ་དང་། སློབ་གསོའི་དབུལ་སྐྱོར་མ་དངུལ་མི་འདང་བ་སོགས་ཀྱི་གནད་དོན་ཡང་ལྷགས་ཡོད། གནད་དོན་དེ་གཞི་བྱས་ནས། རྩོམ་འདིར་མི་རིགས་ས་ཁུལ་གྱི་སློབ་གསོའི་གནས་ཚུལ་དངོས་ལ་གཞིགས་ཤིང་། ཕྱོགས་མང་པོའི་ཐད་ནས་སློབ་གསོའི་དབུལ་སྐྱོར་ལས་དོན་ཇི་ལྟར་སྤེལ་རྒྱུའི་ཐད་གྲོས་བསྡུར་བྱས་ཏེ། མི་རིགས་ས་ཁུལ་གྱི་སློབ་གསོའི་དབུལ་སྐྱོར་འགག་སྒྲོལ་ལས་དོན་དེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་རྒྱུར་སྐུལ་འདེད་གཏོང་ཐུབ་པའི་རེ་འདུན་བཅངས་ཡོད།

གནད་འགག་མིང་བརྡ། མི་རིགས་ས་ཁུལ། སློབ་གསོའི་དབུལ་སྐྱོར། བཅོས་སྒྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།“སློབ་གསོའི་ཐད་མ་དངུལ་གཏོང་རྒྱུ་དེ་མི་རིགས་ས་ཁུལ་དང་། ཐག་རིང་ལུང་ཁུག་རི་ཁུལ། མཐའ་མཚམས་ས་ཁུལ་བཅས་ལ་ཕྱོགས་དགོས།”ཞེས་ནན་བཤད་གནང་ཡོད། མི་རིགས་ས་ཁུལ་གྱི་སློབ་གསོའི་དབུལ་སྐྱོར་ལས་དོན་དོན་འཁྱོལ་ཡག་པོ་བྱས་པ་ན། མི་རིགས་ས་ཁུལ་གྱི“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་དམིགས་འབེན་མངོན་འགྱུར་ཡོང་རྒྱུར་ཕན་ཐོགས་ཡོད་པ་དང་། “མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ”གཏོད་རྒྱུའི་ཐད་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་བྱེད་ནུས་དང་དངོས་ཡོད་ཀྱི་དོན་སྙིང་ལྡན། མིག་སྔར། རང་རྒྱལ་གྱིས “མི་རིགས་ས་ཁུལ་གྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་མི་འདང་བར་ཁ་གསབ་བྱེད་པ་”དམིགས་འབེན་དུ་བཟུང་ནས། སློབ་གསོའི་དབུལ་སྐྱོར་གྱི་བྱ་ཐབས་ལ་བརྟེན་ནས་མི་རིགས་ས་ཁུལ་དབུལ་ཕོངས་ཀྱི་རབས་རྒྱུན་གཅོད་པར་བརྩོན་ལེན་བྱས་ཏེ་དབུལ་ཐར་ཕྱུག་འགྱུར་མངོན་འགྱུར་བྱེད་པ་ནི་སློབ་རིམ་སྣ་ཚོགས་ལ་ཁྱབ་པ་དང་། རྒྱུན་མཐུད་ངང“ཁྲག་སྐྲུན”ཐུབ་པའི་རིན་ཐང་དང་ལྡན་པའི་མི་རིགས་སློབ་གསོའི་དབུལ་སྐྱོར་ཇུས་གཞི་ཆ་ཚང་ཞིག་གྲུབ་ཡོད་ལ། དགའ་འོས་པའི་གྲུབ་འབྲས་ཀྱང་ཐོབ་ཡོད། འོན་ཀྱང་དེ་ལ་སྔར་བཞིན་འཕེལ་རྒྱས་ཀྱི་བར་མཐོངས་ཅུང་ཆེན་པོ་ཡོད་པས། སྔར་བས་འཚོལ་ཞིབ་དང་ཤུགས་སྣོན་བྱེད་ཆོག

དང་པོ། མི་རིགས་ས་ཁུལ་གྱི་སློབ་གསོའི་དབུལ་སྐྱོར་ལ་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བྱ་དགོས།

སྤྱི་ཁོག་ནས་བལྟས་ན། མི་རིགས་ས་ཁུལ་གྱི་སློབ་གསོའི་དབུལ་སྐྱོར་སྤེལ་ན་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་གི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད། དབུལ་ཐར་འགག་སྒྲོལ་གྱི་འཐབ་ཇུས་དོན་འཁྱོལ་བཅས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་དང་འགན་སྲུང་གལ་ཆེན་ཞིག་ཡིན། དེ་དང་ཆབས་ཅིག མི་རིགས་ས་ཁུལ་གྱི་སློབ་གསོའི་སྒྱུར་བཅོས་ལ་ཤུགས་སྣོན་རྒྱག་པ་དང་། སློབ་གསོའི་སྤུས་ཚད་མཐོ་རུ་བཏང་ན། “རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ལག་ལེན་བསྟར་རྒྱུ་ལའང་སྐུལ་འདེད་གཏོང་ཐུབ་ལ། རང་རྒྱལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་དང་དེ་བཞིན་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་སྟོབས་ཤུགས་གསོག་འཇོག་བྱེད་ཐུབ།[1] བྱེ་བྲག་གི་ངོས་ནས་བལྟས་ན། མི་རིགས་ས་ཁུལ་གྱི་སློབ་གསོའི་དབུལ་སྐྱོར་ལས་དོན་གྱིས་མི་རིགས་སློབ་གསོ་དང་མི་འབོར་ཐོན་ཁུངས་དབར་གྱི་གདོང་ཐུག་ནུས་ལྡན་ངང་ཞི་ལྷོད་དུ་བཏང་སྟེ། ཐོན་ཁུངས་སྣ་ཚོགས་ཀྱིས་ནུས་པ་ཆེ་ཤོས་འདོན་སྤེལ་ཐུབ་པ་འགན་ལེན་བྱས་ནས། མི་རིགས་ས་ཁུལ་གྱི་ཐོན་ལས་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སྒྱུར་དང་རིམ་སྤོར་ཡོང་རྒྱུར་སྐུལ་འདེད་གཏོང་ཐུབ། དེར་བརྟེན། མི་རིགས་ས་ཁུལ་གྱི་སློབ་གསོའི་དབུལ་སྐྱོར་ལ་དགོས་ངེས་ཀྱི་རང་བཞིན་དང་ལུགས་མཐུན་གྱི་རང་བཞིན་ལྡན་པས། སློབ་གསོའི་ལས་དོན་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ང་ཚོས་ངེས་པར་དུ་མི་རིགས་ས་ཁུལ་གྱི་སློབ་གསོའི་དབུལ་སྐྱོར་ལ་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། འཐུས་སྒོ་ཚང་བའི་སློབ་གསོའི་དབུལ་སྐྱོར་མ་ལག་འཛུགས་པ་དང་། སློབ་གསོའི་དབུལ་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་བྱས་ཏེ། མི་རིགས་ས་ཁུལ་འཛུགས་སྐྲུན་གྱི་ལེ་ཚན་གསར་པའི་འགོ་རྩོམ་དགོས།

གཉིས་པ། རྨང་གཞིའི་སློབ་གསོ་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བྱ་དགོས།

ཐོག་མར། རྨང་གཞིའི་སློབ་གསོའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། མི་རིགས་ས་ཁུལ་གྱི་སློབ་གཉེར་ཆ་རྐྱེན་འཐུས་ཚང་དུ་བཏང་ནས་སློབ་གཉེར་ཆུ་ཚད་མཐོ་རུ་གཏོང་དགོས་ལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཚད་གཞི་ཅན་དུ་སྐྲུན་དགོས། དེ་རུ་དཔེ་མཛོད་ཁང་དང་། སློབ་ཁྲིད་སྒྲོག་ཙེ་དང་རྐུབ་སྟེགས། ལུས་རྩལ་ར་བ། སློབ་ཁང་སོགས་ཚུད་ཡོད་པ་དང་ཆབས་ཅིག་ཟ་ཁང་དང་། ཉལ་ཁང་། གསང་སྤྱོད་སོགས་ཀྱིས་རྒྱུན་གཏན་གྱི་སློབ་ཁྲིད་དང་འཚོ་བའི་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས། སློབ་ཁྲིད་མཁྲེགས་ཆས་སྒྲིག་བཀོད་དེ། དཔེར་ན། སློབ་ཁྲིད་དཔྱད་ཆས་དང་སྨྱན་མང་གཟུགས་སྒྲིག་ཆས་འཐུས་ཚང་དུ་བཏང་ནས། མི་རིགས་ས་ཁུལ་གྱི་སློབ་གསོ་དུས་རབས་ཀྱི་རླབས་རྒྱུན་གྱི་རྗེས་སུ་དམ་པོར་འབྲང་རྒྱུ་འགན་ལེན་དང་། སློབ་ཁྲིད་ཀྱི་སྤུས་ཚད་ལ་ཁག་ཐེག་བྱེད་དགོས། སློབ་ཆུང་གི་སློབ་གཉེར་ས་ཚིགས་འདེམས་སྐབས་དོན་དངོས་དང་འཚམ་པར་བྱས་ཏེ། ཐག་རིང་ལུང་ཁུག་རི་ཁུལ་གྱི་སློབ་མ་དག་ཐག་ཉེ་ས་ནས་སློབ་གྲྭར་བསྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། དེ་ནས། མི་རིགས་ས་ཁུལ་གྱི་རྨང་གཞིའི་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་ཟ་མའི་ཀྱི་ཚད་གཞི་མཐོ་རུ་གཏོང་དགོས། སྲིད་གཞུང་སྡེ་ཚན་གྱིས་ཐག་རིང་ལུང་ཁུག་ས་ཁུལ་གྱི་སློབ་མ་དག་ཀྱང་འཚོ་བཅུད་བཟའ་བཅའི་འཆར་གཞིའི་ནང་བཅུག་ནས། ནོར་སྲིད་མ་དངུལ་གཏོང་སྤྲོད་བྱས་པ་དག་སློབ་མའི་འཚོ་བཅུད་བཟའ་བཅའི་ཁ་གསབ་ཐད་སྤྱོད་དགོས། སློབ་མའི་འཚོ་བཅུད་གནས་ཚུལ་གྱི་ལྟ་ཞིབ་ཚད་ལེན་མ་ལག་གང་མགྱོགས་བཙུགས་ནས། ས་གནས་དེ་གའི་ནད་ཡམས་སྔོན་འགོག་ཚོད་འཛིན་སྡེ་ཚན་དང་མཉམ་ལས་ཧུར་ཐག་བྱས་ཏེ། འཚོ་བཅུད་ལེགས་གཏོང་འཆར་གཞི་ཁྱོན་ཡོངས་ལ་ཁྱབ་པ་བྱེད་དགོས། གཞན་ཡང་། སློབ་མའི་སེམས་ཁམས་ཟུར་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། རྨང་གཞིའི་སློབ་གསོའི་དུས་རིམ་ནི་སློབ་མའི་མི་ཚེའི་རིན་ཐང་འདུ་ཤེས་དང་། བྱ་སྤྱོད་གོམས་གཤིས། དེ་བཞིན་བསམ་བློའི་འདུ་ཤེས་ཆགས་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། སློབ་གྲྭས་ངེས་པར་དུ་སེམས་ཁམས་ཟུར་ཁྲིད་ཀྱི་ལས་ཀར་ཤུགས་སྣོན་རྒྱག་དགོས་། དེ་ལ་སློབ་མའི་དངོས་པོའི་ཐད་ཀྱི་དབུལ་ཕོངས་ལ་དོ་སྣང་བྱ་དགོས་པས་མི་ཚད་པར། སློབ་མའི་སེམས་ཁམས་ཐད་ཀྱི་“དབུལ་ཕོངས་”ལ་དེ་བས་ཀྱང་དོ་སྣང་བྱ་དགོས་ཤིང་། དུས་རྒྱུན་གྱི་སློབ་ཁྲིད་ཁྲོད་དུ་རང་ཚུགས་རང་འབད་དང་སྙིང་རུས་ཆེ་ཞིང་སློབ་སྦྱོང་ལ་བརྩོན་པའི་བསམ་པའི་གཤིས་རྒྱུད་ལྡན་པར་བྱེད་པ་དང་། རོགས་རམ་དང་ལེན་བྱེད་མཁན་སློབ་མས་འབད་པ་ལྷུར་ལེན་བྱས་ཏེ། རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་དུ་འཇུག་དགོས།

གསུམ་པ། མི་རིགས་ས་ཁུལ་གྱི་སློབ་གསོའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས།

མི་རིགས་ས་ཁུལ་གྱི་སློབ་གསོའི་དབུལ་སྐྱོར་ལས་དོན་དོན་འཁྱོལ་བྱས་ནས། བ་གདོན་དངོས་ཐོག་སློསོ་དོ་སྙོམས་ངང་འཕེལ་རྒྱས་ཡོང་བ་བྱེད་དགོས་ན། ངེས་པར་དུ་འཐུས་སྒོ་ཚང་བའི་སློབ་གསོའི་དཔུང་ཁག་གི་འགན་ལེན་མ་ལག་ལ་བརྟེན་ནས་བྱང་ཚད་མཐོ་བ་དང་། ལག་རྩལ་ཅུང་མཐོ་བ། བསམ་བློ་སྔོན་ཐོན། གཞན་ཕན་གྱི་སྙིང་སྟོབས་ལྡན་པ་བཅས་ཀྱི་དེང་རབས་སློབ་གསོ་སྒྱུར་བཅོས་ཀྱི་དགོས་མཁོ་དང་འཚམ་པའི་དགེ་རྒན་དཔུང་ཁག་ཅིག་བསྐྲུན་དགོས། མི་རིགས་ས་ཁུལ་གྱི་དགེ་རྒན་གསོ་སྦྱོང་ལས་ཀ་དམ་འཛིན་བྱེད་པ་དང་། འཇོན་ཐང་ཅན་གྱི་མི་སྣ་གསོག་འཇོག་ལེགས་པར་བྱས་ཏེ། ད་ཡོད་དགེ་རྒན་དཔུང་སྡེའི་བསམ་བློའི་བྱང་ཚད་དང་སློབ་ཁྲིད་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། དགེ་རྒན་གྱི་ཐོབ་ཐང་དང་ལས་ཀའི་ཁོར་ཡུག་ལེགས་བཅོས་བྱས་ནས། དགེ་རྒན་གྱི་དཔུང་སྡེ་བརྟན་པོ་ཡོང་བར་སྲུང་སྐྱོང་ཏན་ཏིག་བྱ་དགོས། སློབ་གསོའི་སྡེ་ཚན་གྱིས་མི་རིགས་ས་ཁུལ་གྱི་རྫོང་དང་ཤང་གྲོང་གི་དགོས་མཁོར་གཞིགས་ནས། ལས་ཀའི་སྒྲིག་ཁོངས་གྲངས་འབོར་འོས་འཚམ་ངང་ཇེ་མང་དུ་གཏོང་བ་དང་། ཉམས་མྱོང་ཕུན་སུམ་ཚོགས་པའི་དགེ་རྒན་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ།“གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭའི་དགེ་རྒན་གྱི་དམིགས་བསལ་ལས་གནས་ཀྱི་འཆར་གཞི”[2]ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱེད་དགོས། ཕྱོགས་གཅིག་ནས། ནང་ལོགས་ཀྱི་མཐོ་རིམ་སློབ་གླིང་དང་མཉམ་ལས་བྱས་ནས་ཕུལ་བྱུང་མཐར་ཕྱིན་སློབ་མ་མི་རིགས་ས་ཁུལ་དུ་ཡོང་ནས་སློབ་སྐྱོར་ལས་དོན་སྤེལ་རྒྱུར་ལྕག་སྐུལ་བྱས་ཏེ། རྒྱལ་ཁབ་ཀྱི་སློབ་གསོའི་གནད་འཁེལ་དབུལ་སྐྱོར་སྲིད་ཇུས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་མཐོ་སློབ་དང་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཡག་པོ་སྒྲུབ་དགོས། ཆེད་དམིགས་གསོ་སྐྱོང་བྱེད་ཐབས་སྤྱད་དེ་མཐོ་རིམ་སློབ་གྲྭ་དང་མཉམ་དུ་སྐད་གཉིས་སློབ་ཁྲིད་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ། མི་རིགས་ས་ཁུལ་གྱི་སྐད་གཉིས་སློབ་གསོའི་ཐོན་ཁུངས་དཀོན་པའི་གནད་དོན་ལ་ཁ་གསབ་བྱས་ཆོག དེ་དང་ཆབས་ཅིག མི་རིགས་ས་ཁུལ་གྱི་རྫོང་ཁོངས་ཀྱི་བསླབ་ཚན་དགེ་རྒན་དང་སྲིད་འཛིན་རྒྱབ་ཕྱོགས་མཁོ་སྒྲུབ་མི་སྣའི་བསྡུར་ཚད་དོ་སྙོམས་ངང་བཀོད་སྒྲིག་བྱས་ནས། ཆེད་ལས་དགེ་རྒན་གྱི་ལས་གནས་ཀྱི་གལ་ཆེའི་རང་བཞིན་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། མི་རིགས་ས་ཁུལ་གྱི་དགེ་རྒན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། དགེ་རྒན་གྱི་གླ་ཕོགས་ཆུ་ཚད་ལ་འགན་ལེན་ཏན་ཏིག་བྱས་ནས། དགེ་རྒན་ལ་རྒྱབ་ན་སེམས་ཁྲལ་མེད་པར་བྱས་ནས་སེམས་ནུས་ཡོད་རྒུས་སློབ་ཁྲིད་ལས་དོན་ཁྲོད་ཞུགས་སུ་འཇུག་དགོས།

མཉམ་འབྲེལ་དྲྭ་རྒྱ་ཕྱོགས་ཡོངས་ནས་ཁྱབ་གདལ་སོང་བ་དང་ཆ་འཕྲིན་ལག་རྩལ་བྱ་འཕུར་བ་ལྟར་འཕེལ་རྒྱས་སོང་བ་དང་ཆབས་ཅིག རྒྱང་ཁྲིད་སློབ་ཁྲིད་ཀྱིས་རྨང་གཞིའི་སློབ་གསོ་དོ་མཉམ་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་སྔར་བས་སྐུལ་འདེད་བཏང་བ་དང་། མི་རིགས་ས་ཁུལ་གྱི་སློབ་གསོའི་དབུལ་སྐྱོར་ལའང་བསམ་ཕྱོགས་གསར་པ་མཁོ་འདོན་བྱས་ཡོད། ཉེ་བའི་ལོ་ཤས་རིང་། དར་མདོ་གྲོང་ཁྱེར་གྱིས་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་ཐད་འབད་བརྩོན་ཆེན་པོ་བྱས་ནས། སློབ་གྲྭ་གྲགས་ཅན་གྱི་དྲ་རྒྱའི་སྤུས་ལེགས་སློབ་ཁྲིད་ཐོན་ཁུངས་ནང་འདྲེན་བྱེད་ཤུགས་ཆེ་རུ་བཏང་བ་དང་འབྲེལ་འཕེལ་རྒྱས་ཀྱང་ངེས་ཅན་བྱུང་ཡོད། འོན་ཀྱང་། མཁའ་འཁོབ་དང་རྗེས་ལུས་ཐེབས་པའི་མི་རིགས་གྲོང་གསེབ་ས་ཁུལ་ལ་མཚོན་ན། དྲ་སྦྲེལ་ཁེབས་ཚད་གནད་ལ་མ་འཁེལ་བའི་རྐྱེན་གྱིས། ད་དུང་སྔར་ལས་ལྷག་པའི་སྒོ་ནས་དྲ་གཏོང་་ཚོང་པ་དང་མཉམ་ལས་བྱ་དགོས་ལ། སྲིད་འཛིན་རང་བྱུང་གྲོང་སྡེའི་དྲ་སྦྲེལ་འཛུགས་སྐྱོང་མགྱོགས་སུ་གཏོང་བར་སྐུལ་འདེད་བྱས་ནས། མི་རིགས་ས་ཁུལ་དུ་རྒྱང་ཁྲིད་ཐད་གཏོང་སློབ་ཁྲིད་སྤེལ་བར་ཁག་ཐེག་བྱ་དགོས་པ་དང་། དྲ་རྒྱའི་ཐོན་ཁུངས་མཉམ་སྤྱོད་ལས་སྟེགས་འཛུགས་པར་རྨང་གཞི་ལེགས་པོ་འདིང་ཆེད། དྲ་ཐོག་སློབ་ཁྲིད་དང་སྲོལ་རྒྱུན་སློབ་ཁང་གི་སློབ་ཁྲིད་ཟུང་འབྲེལ་གྱི་སློབ་ཁྲིད་བྱེད་སྟངས་ཐད་འབད་བརྩོན་བྱས་ནས། རྒྱུན་ཆད་མེད་པར་སློབ་ཁྲིད་ཐབས་ལམ་གསར་བ་གཏོད་པ་དང་།་སྔོན་ཐོན་གྱི་སློབ་ཁྲིད་འདུ་ཤེས་ནང་འདྲེན་བྱས་ཏེ། ཤེས་བྱ་བརྒྱུད་སྤྲོད་བྱེད་པ་མི་རིགས་རིག་གནས་དང་དད་མོས། གོམས་སྲོལ་སོགས་དང་ཟུང་འབྲེལ་བྱས་ནས་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་པ་དང་དུས་མཚུངས་དྲ་སྦྲེལ་ཐོན་ཁུངས་མཉམ་སྤྱོད་ལེགས་ཆ་སྤྱད་དེ་དེང་རབས་ཀྱི་རིག་གནས་ཤེས་བྱ་ཁྱབ་གདལ་བཏང་ནས། མི་རིགས་ས་ཁུལ་གྱི་སློབ་མའི་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ཐུབ་ཤུགས་ཆེ་རུ་གཏོང་དགོས། དེ་དང་ཆབས་ཅིག གཞི་ཁྱོན་ཆེ་བའི་སྒོ་འབྱེད་དྲ་ལམ་སློབ་ཁྲིད(MOOC)དང་། ཁྲིད་ཕྲན། སྨྱན་མང་གཟུགས་སོགས་བརྒྱུད་ནས། ས་ཁུལ་འཕེལ་རྒྱས་དེ་ཙམ་མ་བྱུང་བའི་རྐྱེན་གྱིས་སློབ་གསོའི་རྗེས་ལུས་ཐེབས་པའི་ཞན་ཆ་གསབ་དགོས། གཞན་ཡང་། རྒྱལ་ཁབ་ཀྱི་སྤྱི་སྐད་སློབ་ཁྲིད་ལ་ཤུགས་སྣོན་རྒྱག་པའི་རྨང་གཞིའི་ཐོག སྐད་གཉིས་སློབ་ཁྲིད་ལག་ལེན་བསྟར་ནས། མི་རིགས་མཉམ་འདྲེས་དངོས་འབྲེལ་ཐུབ་པ་བྱས་ཏེ། མི་རིགས་ས་ཁུལ་གྱི་སློབ་མས་ཀྱང་གྲོང་ཁྱེར་ཆེ་གྲས་ཀྱི་སློབ་མ་དང་འདྲ་བར་སློབ་གསོའི་ཐོན་ཁུངས་གཅིག་མཚུངས་ལོངས་སྤྱོད་བྱས་ནས། མི་རིགས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་གཉིས་ཆགས་གཞིའི་འོག་གི་སློབ་གསོའི་ཧེ་བག་རིམ་བཞིན་ཆུང་དུ་བཏང་སྟེ། མི་རིགས་འཆམ་མཐུན་འཕེལ་རྒྱས་ཡོང་བ་བྱ་དགོས།

མཇུག་བསྡུ་བའི་གཏམ།

མདོར་ན། དབུལ་སྐྱོར་བྱེད་པར་ཐོག་མར་རིག་སྐྱོར་བྱ་དགོས། བསམ་བློ་དབུལ་ཕོངས་ཡིན་པ་ནི་དབུལ་ཕོངས་ཀྱི་འབྱུང་རྩ་དངོས་ཡིན། ད་ཆ་སློབ་གསོའི་དབུལ་སྐྱོར་དེ་དར་མདོ་གྲོང་ཁྱེར་གྱི་མི་རིགས་ས་ཁུལ་གྱི་གནད་འཁེལ་དབུལ་སྐྱོར་གྱི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་ཀྱང་། སློབ་གསོའི་དབུལ་སྐྱོར་ནི་དུས་ཡུན་རིང་ཞིང་བརྒྱུད་རིམ་ལྡན་པའི་ལས་གཞི་ཞིག་ཡིན་པས། དེ་མ་ཉིད་དུ་འགྲུབ་ཐུབ་མི་སྲིད་པར། གོམ་པ་རིམ་བགྲོད་དང་ཕྱོགས་སོ་སོའི་སྟོབས་ཤུགས་ཀྱིས་གཞོགས་འདེགས་བྱེད་དགོས་པ་མ་ཟད། ཡུན་རིང་ལ་འགག་སྒྲོལ་བྱེད་པར་གྲ་སྒྲིག་ཡག་པོ་བྱེད་དགོས་ཤིང་། སློབ་གསོ་དབུལ་སྐྱོར་ལ་གཡོ་འགུལ་མི་གཏོང་བ་དང་། རྨང་གཞིའི་སློབ་གསོ་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། དར་མདོ་གྲོང་ཁྱེར་གྱི་དབུལ་ཕོངས་་ཁུལ་དེ་དབུལ་ཕོངས་ཀྱི་གནས་ལས་ཐར་ནས། ་དབུལ་དབུལ་ཕོངས་ཀྱི་རྒྱུན་གཅོད་པ་དང་། ཐུན་མོང་ཐོག་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཕྱོགས་སུ་སྐྱོད་ཐུབ་པ་བྱ་དགོས།

  • ལེ་ཚན་སྔོན་མ།:རྩོམ་འབྲིའི་ཆུ་ཚད་མཐོར་འདེགས་བྱ་ཚུལ་ཐོག་མར་གླེང་བ།
  • ལེ་ཚན་རྗེས་མ།:བོད་ཀྱི་ཚད་མ་རིག་པའི་གཞུང་ལུགས་ཀྱི་འབྱུང་ཁུངས།
  • དོ་སྣང་ཆེ་བའི་རྩོམ།