རྩོམ་འབྲིའི་ཆུ་ཚད་མཐོར་འདེགས་བྱ་ཚུལ་ཐོག་མར་གླེང་བ།

ཀརྨ་བསོད་ནམས།        2019-10-16

    སྙན་ངག་མེ་ལོང་མ་ལས། རང་བཞིན་གྱིས་གྲུབ་སྤོབས་པ་དང་།། མང་དུ་ཐོས་པ་དྲི་མེད་པ།། མངོན་པ་སྦྱོར་བ་མི་དམན་པ། སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ།། ཞེས་རྒྱུ་གསུམ་དགོས་ཞེས་སྔོན་གྱི་རྒྱ་བོད་ཀྱི་སྙན་ངག་མཁས་པ་རྣམ་པས་མགྲིན་གཅིག་དང་དབྱངས་གཅིག་གིས་སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ་གསུམ་དུ་གསུངས།

    ༡.སྙན་ངག་ཕུན་སུམ་ཚོགས་པའི་དང་པོ་སྟེ་རང་བཞིན་གྱིས་གྲུབ་སྤོབས་པ་ཞེས་པའི་འགྲེལ་བ་ལ་སྐྱེ་བ་གཞན་དུ་རིག་པའི་གནས་རྣམས་ལ་གོམས་པ་སྔོན་དུ་བྱས་པའི་མཐུས། ཚེ་འདིར་རང་བཞིན་གྱིས་གྲུབ་པའི་སྤོབས་པ་སྟེ་སྐྱེ་བས་ཐོབ་པའི་ཤེས་རབ་ཟབ་མོ་ཞེས་དང་། ཡང་ན། སྐྱེ་བོ་གང་དག་སྐྱེས་སྟོབས་འབར་བའི་ཤེས་རིག་ཆེས་གསལ་བ་དང་། བློ་གྲོས་ཀྱི་རྩལ་ལས་སྙན་ངག་གི་ཚིག་སྦྱོར་ཅི་རིགས་རྩོམ་ནུས་པའི་ངག་སྒོ་ཡངས་པ་ནི་ཐོག་མའི་རྨང་གཞི་ཡིན་ཞེས་གསུངས་པའང་གནས་ལུགས་ངེས་ཅན་ཡོད་དེ་དབང་པོ་རྟུལ་ལ་ལྐུགས་པའི་སྐྱེ་བོས་རྩོམ་འབྲི་ཤེས་རྒྱུ་ཕར་བཞག བྱ་བ་ཅི་ཡང་ལད་མོ་མི་ཐོན་པས་བླུན་པོ་ནི་རྩོམ་རིག་གི་བྱ་བ་ལ་ཞུགས་པའི་ངལ་བ་ནི་དགོས་མེད་ཀྱི་ངལ་བ་ཞིག་ཏུ་འཁུམས་སོ།།

    ༢.སྙན་ངག་ཕུན་སུམ་ཚོགས་པའི་གཉིས་པ་ནི་མང་དུ་ཐོས་པ་དང་དྲི་མེད་པ་ཞེས་པས་ནི་རྩོམ་པའི་ལས་ཞུགས་འདོད་པའི་སྐྱེ་བོ་ཞིག་ཡིན་ཕྱིར་སྲིད་འབྱོར་རིག་གསུམ་གྱིས་མཚོན་པའི་རིག་པའི་གཞུང་མང་པོའམ་ལན་མང་པོ་ཐོས་པ་དང་བསམ་པས་ཐེ་ཚོམ་གྱི་དྲི་མ་གཅོད་པར་བྱ་དགོས་པའི་དོན་ཡིན་ཡང་། སློབ་ཆུང་སློབ་མ་ལ་མཚོན་ན་རིག་པའི་གཞུང་ལུགས་མང་པོ་ཤེས་པ་ནི་མི་སྲིད་ཀྱང་། ཕྲད་དང་རྣམ་དབྱེའི་ཚོགས་ཀྱི་ཚབ་མཚོན་ཚིག་ཉུང་ལ་དོན་ཁ་གསལ་བའི་སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་པའི་དབང་པོ་དང་། ལུང་སྟོན་པ་རྟགས་ཀྱི་འཇུག་པའི་སྡོམ་འགྲེལ། ཐོན་མིའི་གཞུང་དུ་མི་གསལ་བ་གསལ་ལ་ལས་དང་པོ་བ་འཇུག་བདེ་བའི་བྱ་བའི་ཚིག་གི་ཚོགས་པའི་ཚབ་མཚོན་རྟགས་ཀྱི་འཇུག་པའི་དཀའ་གནད་གསལ་བའི་མེ་ལོང་། བློར་འཛིན་བདེ་ཞིང་སྒྲ་གཟུགས་འདྲ་བའི་མིང་གཞི་ཁྱད་པར་འབྱེད་བདེ་བའི་མིང་གི་ཚོགས་པའི་ཚབ་མཚོན་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་དང་དག་ཡིག་མཁས་པ་དགའ་སྐྱེད་ལྟ་བུ་བཅས་བརྡ་སྤྲོད་རིག་པའི་ཚོགས་གསུམ་དང་རྒྱུན་སྤྱོད་ཀྱི་མངོན་བརྗོད་འདུས་ཤིང་ངག་ཏུ་སྐྱོར་བདེ་བའི་མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ལྟ་བུ་སོགས་ནི་རྩ་ཚིག་བློར་བཟུང་ནས་སློབ་དཔོན་ལས་མང་དུ་ཞུ་བར་མ་ཟད། དུས་རྒྱུན་ལག་ལེན་དངོས་ཀྱི་སྐབས་སུ་ཕྲད་རྣམ་དབྱེ། བྱེད་འབྲེལ་བྱེད་མེད་སོགས་ངོ་བོ་གཅིག་ཀྱང་ལྡོག་པ་ཐ་དད་པའི་བྱ་ཚིག མིང་ཚིག མངོན་བརྗོད་བཅས་ཀྱི་བེད་སྤྱོད་སྟངས་ཚུལ་ཤེས་དགོས་སྙམ།

    ༣.སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ་གསུམ་པ་ནི་མངོན་པར་སྦྱོར་བ་མི་དམན་པ་ཞེས་ལག་ལེན་དང་འབྲལ་མི་རུང་བ་བསྟན་འདུག་པས་ལས་དང་པོ་བས་ལག་ལེན་བྱེད་པའི་དབུ་གང་བཟུང་དགོས་ཤེ་ན། ཐོག་མ་ནས་བརྗོད་བྱ་ཆེན་པོ་དང་བརྗོད་པ་རིང་པོ་བརྩམ་ཏུ་བཅུག་མི་ཉན། དེ་བས་དང་པོ་ནི་སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ་གཉིས་པ་དང་མཚུངས། དགེ་སློབ་གཉིས་ཐོག་མར་ཕྲད་པ་ནས་འཇིག་རྟེན་ཁམས་ཀྱི་ཤེས་བྱ་རིག་པའི་གནས་ཀུན་གསོག་འཇོག་བྱ་རྒྱུ་དེ་ཡིན། དགེ་རྒན་གྱིས་སྨྲས་པའི་མིང་ཚིག་རེ་རེས་སློབ་མ་ལ་བགས་ཆགས་བཞག་པ་འམ་སློབ་མས་བསྡུ་ལེན་བྱེད་བཞིན་ཡོད་པས་རྒན་གྱིས་བརྡ་སྤྲོད་དང་མཐུན་པའི་མིང་ཚིག་རྣམས་ཀྱིས་འབྲེལ་འདྲེས་བྱ་དགོས། གཉིས་མིང་ཉུང་ཉུང་ལས་མང་པོ་སྒྲུབ་པ། མིང་རྐྱང་ཀ་བ་ལྟ་བུ། ཁྱད་ཆོས་བརྗོད་པའི་མིང་རིང་པོའམ་དམར་པོ་ལྟ་བུ། གྲངས་ཀའི་མིང་གཅིག་གམ་བཞི་ལྟ་བུ་སེམས་ཀྱི་བང་མཛོད་ལས་རིན་པོ་ཆེའི་མིང་ཚིག་རྣམས་བླངས་ཏེ་མིང་ཉུང་ཉུང་ནས་མང་པོ་དང་ཚིག་ཐུང་ཐུང་ནས་རིང་པོ་རིམ་བཞིན་ལག་ལེན་གཏུག་དགོས། དཔེར་ན་ཀ་བ་རིང་པོ་དང་ཀ་བ་གཅིག་ལྟ་བུ་ནས་ཀ་བ་དམར་པོ་བཞི་ཡོད་ལྟ་བུའོ།། གསུམ་པ་བརྗོད་པ་རིང་པོ་ནས་རིམ་བཞིན་དཔེ་གཟུགས་སྦྱར་བ་ལག་ལེན་གཏུག་རྒྱུ་དེའོ།། གལ་ཏེ་སྔོན་སྦྱངས་ཀྱི་བག་ཆགས་སད་པའི་ཡོན་ཏན་གྱི་རྗེས་འབྲེལ་དུ་བྱུང་བ་སྐྱེས་ཐོབ་ཀྱི་སྤོབས་པ་བཟང་པོ་རྨད་དུ་བྱུང་བ་མེད་པས། རྒྱུ་དང་པོ་མ་གྲུབ་པའི་གང་ཟག་ལའང་། རྒྱུ་གཉིས་པ་མང་དུ་ཐོས་པ་དང་། རྒྱུ་གསུམ་པ་འབད་པ་ཆེན་པོས་ངག་སྟེ་སྙན་ངག་གྱི་རིག་པ་བསྟེན་ན། དབང་པོ་ཁྱད་པར་ཅི་ཞིག་ལྟར་ཡང་། བློ་གྲོས་འཕེལ་ཏེ་ངེས་པར་རྗེས་སུ་འཛིན་པར་བྱེད་དེ་སྙན་ངག་དང་རྩོམ་ཡིག་འབྲི་ཤེས་པའི་སྐལ་བ་བཟང་པོ་དང་ལྡན་པར་འགྱུར་རོ།།

  • ལེ་ཚན་སྔོན་མ།:བོད་ཡུལ་གྱི་འོས་འགན་སློབ་གསོ་སྐོར་གླེང་བའི་གཏམ།
  • ལེ་ཚན་རྗེས་མ།:མི་རིགས་ས་ཁུལ་གྱི་སློབ་གསོའི་དབུལ་སྐྱོར་ཐད་ཀྱི་བསམ་གཞིག་འགའ།
  • དོ་སྣང་ཆེ་བའི་རྩོམ།