ཆོད་ སེམས་ ཤིག་ གི་ ཡང་ སྙིང༌།

ཚེ་གྲུབ        2010-08-25

ཆོད་ སེམས་ ཤིག་ གི་ ཡང་ སྙིང༌།
 
“ཟང་ཟིང་གི་འདི་སྣང༌།/ དཀའ་ཁག་གི་མི་ཚེ”ཞེས་སྙན་རྩོམ་འདི་མགོ་བསླངས་པ་ནས་གདུང་སེམས་དྲག་པོ་ཞིག་གི་ལམ་སྣེ་བཟུང་སྟེ།རང་ཉིད་ཀྱི་མི་ཚེའམ་རུས་མཐུན་གྱི་ཁོངས་མི་ལ་འཆང་བའི་རེ་བ་སྟོང་ཕྲག་ཕྱིའི་ཡུལ་ངེས་ཅན་ཞིག་གི་སྣང་ཚུལ་ལས་ཐོན་པའི་གདུང་སེམས་དེས་སྣེ་དྲངས།རང་ནུས་རྡུལ་ཕྲན་ཙམ་ཡོད་རུང་མི་རིགས་འདིའི་དར་རྒུད་དུ་དམིགས་པས“ངས་སྔར་བཞིན།/ འགྲོ་དྲུག་གི་རྒྱལ་ཁམས་སུ་འོ་དོད་ལྷང་ལྷང་འབོད་དགོས”ཞེས་སྙིང་སྟོབས་བརྟན་པོས་རང་གིས་རང་ལ་འགྲན་སློང་བའང་རང་ག་བའི་ཁ་གཡང་ཙམ་ག་ལ་ཡིན།དེང་སྐབས་སྤྱི་ཚོགས་ལ་ལོ་རྒྱུས་རང་བཞིན་གྱི་འཕེལ་འགྱུར་བྱུང་བས།ལྟ་ཚུལ་ལམ་སྤྱོད་སྟངས་སོགས་གང་ཅིའི་ཐད་ནས་འགྱུར་ལྡོག་འབྱུང་དགོས་པའང་འཕེལ་འགྱུར་གྱི་རང་བཞིན་ཉིད་དུ་འཁུམས་མོད།ཡིན་ནའང་དེར་ལམ་ལོག་དང་གོལ་སར་འཕྱན་པའི་ཚུལ་ཡོད་པའང་སྨོས་ཅི་འཚལ།མི་རིགས་ག་འདྲ་ཞིག་ཡིན་རུང་རང་ཆོས་ནི་བླ་སྲོག་ཡིན།དེའི་རྒྱུད་ཀྱི་གཤིས་ཀ་དང་སྤྱོད་སྟངས་ཀུན་གནས་བབ་དང་རིག་གནས་ཀྱི་ཁོར་ཡུག་ཁྱད་པར་བ་ལས་འབྱུང་བས།མི་རིགས་དེའི་གང་ཅིའི་ཐད་ཀྱི་དར་རྒུད་སྣ་ཚོགས་རང་ལ་མངའ་བའི་རིག་གནས་དེར་བརྟེན་པ་ལས་ཡན་གར་བའི་སྟོབས་ཤུགས་ལ་བརྟེན་ས་ཡེ་ནས་མེད།རིགས་རྒྱུད་ཐད་ཀྱི་ངོས་ཟིན་དང་དེའི་རིག་གནས་རྐང་སྟེགས་སུ་བཅས་ཏེ་རྩོམ་པར་ཞུགས་ན།ད་གཟོད་འཛམ་གླིང་གི་རང་བཞིན་ལྡན་པའི་བརྩམས་ཆོས་ཕུལ་དུ་བྱུང་བ་འབྱུང་ཐུབ།སྤྱིར་འཛམ་གླིང་གི་རང་བཞིན་ལྡན་པའི་བརྩམས་ཆོས་ཞེས་པའང་མི་རིགས་སམ་རིགས་རྒྱུད་དེར་མངའ་བའི་ཁྱད་ཆོས་ཀུན་སྐད་ཆའི་སྒྱུ་རྩལ་གྱི་ལམ་ནས་ཕྱིར་ལེགས་པར་མཚོན་ཐུབ་མིན་ལ་རག་ལས་པ་ཡིན།སྙན་རྩོམ་འདིའི་ནང་རྩོམ་པ་པོས་རང་རིགས་ལ་ཐོབ་པའི་ངོས་ཡིན་དང་དེའི་རིག་གནས་ཐད་དུ་འཆང་བའི་དད་མོས་ཟབ་མོ་ཞིག་མཚོན་ཡོད་ཅིང༌།ལོ་རྒྱུས་ལ་ཕྱིར་འདང་བརྒྱབ་སྟེ་དངོས་ཡོད་ལ་གདུང་སེམས་དྲག་པོས་བསམ་གཞིག་བྱེད་པ་དང༌།བོད་རང་གི་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྐང་མཚོན་བྱེད་དེ་འཕགས་པ་སྤྱན་རས་གཟིགས་ལ་ཞུ་འབོད་བྱེད་པའི་ཚུལ་དུ“ཨུ་ཧུ།/ སྤྱན་རས་གཟིགས།/ འགྲོ་བའི་ཁམས་ནས།/……།/ ཨུ་ཧུ།/ སྤྱན་རས་གཟིགས།/ ད་ལྟ་ངའི་ལུས་སེམས་རྨ་ཁས་ཁྱབ་ཅིང༌།/……།/ ཁྱོད་ཉིད་བཀྲུ་སའི་གཙང་ཆུ་དཀོན་ཕྱིར།/ ང༌།/ ཕྱིར་འོང་འདོད།”ཅེས་རྟོགས་སད་ཅིག་ལས་ཐོན་པའི་དམ་བཅའ་འདི་ནི་རང་དོན་ཕྲན་བུ་ཙམ་འགྲུབ་པར་འཇོག་པའམ།རང་ག་བའི་ཆོད་སེམས་ཤིག་ཀྱང་མིན་པར་ལུས་སེམས་གཉིས་ཀའི་སྟེང་ནས་རིག་གནས་ཤིག་གི་ཡང་སྙིང་གི་རིན་ཐང་དེར་ལག་རྙོབ་ཐེངས་ཤིག་བྱས་པ་དང༌།རང་ཉིད་ལ་དེའི་སྟེང་ནས་ཐོན་པའི་ངོས་ཟིན་ཟབ་མོ་ཞིག་མཚོན་པ་དེ་ཡིན།ཚིག་གི་ངོ་གདོང་དུ་སྐྱོ་ཉམས་ཤིག་མངོན་ཡོད་ཀྱང་ཚིག་ཤུགས་སུ་འགྱུ་བ་ནི་འཕྱུར་ལ་ཉེ་བའི་མེ་རི་ཞིག་སྟེ།

 ཚིག་གི་དབྱངས་འགྲོས་ཇེ་དྲག་དང་ཚོར་འདུ་ཇེ་ཟབ་ཏུ་གཏོང་སླད“ཨུ་ཧུ།/ སྤྱན་རས་གཟིགས།”ཞེས་ཚིག་རྐང་འདི་སླར་ཡང་བསྐྱར་ཟློས་ཤིག་བྱས་པ་བརྒྱུད་བརྗོད་འདོད་ཀྱི་ཀུན་སློང་ཇེ་ཟབ་ལ་བཏང་སྟེ“ང་དངོས་གནས་ཕྱིར་འོང་འདོད།”ཅེས་ཚིག་རྟིང་མནན་ཏེ་རིགས་རྒྱུད་དམ་དེས་སྤེལ་པའི་རིག་གནས་དེར་འཆང་བའི་དུངས་ཞེན་ཟབ་མོ་དང༌།ཚིག་གི་ཤུགས་སུ་མི་རིགས་ཤིག་གི་རིག་གནས་ཀྱི་སེམས་ཁམས་ཤིག་ཕྱི་རུ་མཚོན་ཡོད།དེ་ནི་རྩོམ་པ་པོའི་རྣམ་ཤེས་ཀྱི་གནས་མལ་དང་རང་ཉིད་སྐྱོང་བའི་དྲིན་ཆེན་ཕ་མ་ལྟ་བུ་ཡིན།མི་རིགས་འདིའི་རིག་གནས་ཀྱི་རྣམ་པ་ཡོངས་རྫོགས་སྙན་ངག་ཐུང་ངུ་འདིའི་ནང་མངོན་གསལ་དུ་མཚོན་ཐབས་མེད་མོད།འོན་ཀྱང་རྩོམ་པ་པོས་ཐབས་མཁས་ཀྱིས་སྙན་ཚིག་ཁྲོད་སྒྱུ་རྩལ་གྱིས་ཚོགས་གྲུབ་བྱས་པས།རྩོམ་པ་པོའི་ནང་སེམས་ཀྱི་ཚོར་འདུ་དང་ཕྱི་ཚུལ་གྱི་འཚོ་བའི་ཐད་ཀྱི་བརྗོད་བྱར་ཡང(རིག་གནས་ཐད་ནས)ནང་དོན་ཆེན་པོ་ཞིག་བསྣན་འདུགསྙིང་རྗེ་ནི་བོད་མི་རིགས་ཀྱི་རང་གཤིས་བླ་ན་མེད་པའམ་ཁྱད་དུ་འཕགས་པ་ཞིག་ཡིན།རྩོམ་པ་པོས་ཀྱང་བོད་མི་རིགས་ཀྱི་རིག་གནས་ཀྱི་བླ་སྲོག་གམ་སེམས་ཁམས་ཀྱི་མཚོན་བྱེད་དེ།སྙིང་རྗེའི་རང་གཟུགས་སུ་བཀུར་བའི་འཕགས་པ་སྤྱན་རས་གཟིགས་ལ་རང་གི་རེ་འདུན་བསྐྱར་ཞུ་ཡང་ཞུ་བྱེད་པ་དེ།དོན་དངོས་སུ་བསྡུས་བརྗོད་ཀྱི་སྒོ་ནས་རིག་གནས་དེ་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་དུས་མཚུངས་སུ་མི་རིགས་འདི་དར་རྒྱས་དང་གོང་འཕེལ་དུ་གཏོང་བར་ཁས་འཆེས་པའི་དམ་བཅའ་རླབས་ཆེན་ཞིག་ཡིན།མི་གང་ཡིན་རུང་མི་རིགས་ཤིག་ལ་འཆང་བའི་བླ་མེད་ཀྱི་བརྩེ་དུངས་དེའི་འབྱུང་ཡུལ་གཙོ་བོ་ནི་རིགས་རྒྱུད་ཀྱི་དད་ཞེན་དང་དེའི་རིག་གནས་ལོ་རྒྱུས་ཐད་ཀྱི་ངོས་ཟིན་ཡིན།དད་ཞེན་དང་ངོས་ཟིན་དེ་ལས་མི་རིགས་དེའི་ཆེད་དུ་སེམས་བསྐྱེད་བྱེད་པའང་ཆོས་ཉིད་ཅིག་ཡིན།“མཇུག་མཐར་ང་རྫི་བོ་ཞིག་ཏུ་གྱུར་ནས།/ སྐྱབས་མེད་ཀྱི་སེམས་ཅན་ཡོད་ཚད་སྲུང་བཞིན།/ ཕྱིར་འོང་འདོད།/ ཨུ་ཧུ།/ སྤྱན་རས་གཟིགས།/ ང་ཞེ་ཐག་པ་ནས་ཕྱིར་འོང་འདོད།”འདི་ནི་རྣམ་ཤེས་ཤིག་གི་འཁོར་ས་དང་རིགས་རྒྱུད་དང་རིག་གནས་ཤིག་གི་ཡང་བསྐྱར་གྱི་ངོས་ཟིན་ཡིན་ལ།འདི་ནི་མིག་རྒྱང་རིང་བའི་སེམས་ཁྲལ་ཞིག་གི་ཕྱིར་མཚོན་ཡང་ཡིན་པས།རྫི་བོ་ལྟ་བུའི་སེམས་བསྐྱེད་ཅེས་ཆོད་སེམས་ཤིག་གི་ཡང་སྙིང་ཅི་ཡིན་བསྟན་པ་མ་ཡིན་ནམ།དེ་ཡང་ཨ་རིའི་སྙན་ངག་པ་ཕང་ཏེས“སྙན་ངག་ནི་རིགས་རྒྱུད་ཅིག་གི་རེག་བྱེད་རིགས་ཤིག་ཡིན”ཞེས་གསུངས་པ་ལྟར་སྙན་ངག་ལེཊ་པོ་ཞིག་ལ་མཚོན་ན་མི་རིགས་སམ་རྒྱལ་ཁབ་ཀྱི་དར་རྐུད་དམ་འཚོ་བའི་ཕྱོགས་སོ་སོར་ཚོར་ཤེས་དེ་བསྐྱེད་དགོས་ཤིང༌།དེ་དག་ལས་བསླངས་པའི་སེམས་བསྐྱེད་དམ་སེམས་ཁྲལ་འདུ་ཤེས་ལྡན་དགོས་པ་ཐོག་མའི་ཆ་རྐྱེན་ཡིན།སྙན་རྩོམ་འདིའི་སེམས་ཁྲལ་ནི་ཚུལ་འཆོས་ཤིག་གཏན་ནས་མིན་ལ།ཁ་གཡང་སྟོང་བ་ཞིག་དེ་བས་ཀྱང་མ་ཡིན།

 སྐད་ཆའི་སྒྱུ་རྩལ་དུ་གཏོགས་པའི་སྙན་ངག་ལ་མཚོན་ན་ཐོག་མར་ཚིག་གི་སྡེབ་སྦྱོར་ལེགས་དགོས་པ་སྨོས་ཅི་འཚལ།སྙན་ངག་འདིར་མཚོན་ན་ཚིག་སྦྱོར་ཐད་སྙན་མོའི་དབྱངས་ཀྱི་འགྱུར་ཁུགས་ཀྱིས་དེ་འདྲ་མི་ཕྱུག་ནའང༌།མངོན་ཆུང་གི་ཚིག་ཤུགས་སུ་ཚོར་འདུ་ཟབ་མོ་ཞིག་གི་རང་གཟུགས་མངོན་ཡོད་པ་རེད།གངས་ཞུན་གྱིས་ཉེ་བའི་ལོ་འགར་བྲིས་པའི་སྙན་རྩོམ་གང་ལ་བལྟས་ཀྱང་མཛེས་མས་གླུ་དབྱངས་ལེན་པ་ལྟ་བུའི་སྙན་ཆ་ཅུང་ཞན་ཡང༌།ཞི་དུལ་མངོན་ཆུང་གི་དམ་པ་ཞིག་གི་རང་ཆོས་མངོན་པ་ལྟ་བུའི་ཟིལ་ཤུགས་ལྡན།ཐ་སྙད་བཀོལ་ཚུལ་གྱི་ཐད་ནས་སྙན་ངག་འདིར་ཁྱད་ཆོས་ཤིག་ཡོད་པ་ནི༌།རང་མ་གཏོགས་གཞན་གྱིས་མི་གོ་བའི་རང་བཟོས་ཐ་སྙད་མེད་པ་དེ་ཡིན།དེང་འདིར་མི་རིགས་གཞན་གྱི་སྐད་ཆའམ་རིག་གནས་ཀྱི་ཤན་ཞུགས་ཆེ་བས་ལན་པས།བོད་ཀྱི་རྩོམ་རིག་བརྩམས་ཆོས་ཁྲོད་མི་རིགས་རང་གི་སྐད་ཆའི་ཁྱད་ཆོས་དང་བྲལ་པའི་རང་བཟོས་སམ་བཙན་བཟོས་ཐ་སྙད་ཉི་ཚེ་བ་བཀོལ་པ་ཤིན་ཏུ་མང་བོ་མཐོང་ཐུབ།མི་རིགས་ཤིག་ལ་མཚོན་ན་སྐད་ཆ་ནི་རང་ཉིད་དང་རིག་གནས་ཀྱི་འགྲུབ་བྱེད་གལ་ཆེན་ཞིག་ཡིན་པས།མི་རིགས་རང་གི་སྐད་ཆ་སྤུས་གཙང་དུ་འཁོལ་བ་དང་ཁྱབ་གདལ་དུ་གཏོང་རྒྱུ་ནི་རྩོམ་མཁན་ཡོངས་ཀྱི་འོས་འགན་ཡིན།སྙན་རྩོམ་འདིའི་ཁྲོད་དེ་འདྲའི་ཞན་ཆ་མེད་ལ།བརྗོད་སྙིང་ཟབ་འདོན་བྱེད་ཆེད་རྩོམ་མཁན་གྱིས་གང་ལ་གང་འཚམ་སྒོས་བོད་རང་ཆོས་སུ་མངའ་བའི་ཐ་སྙད་བཀོལ་པས།སྙན་རྩོམ་ཡོངས་ལ་རྗོད་བྱེད་ཚིག་གི་ཆ་ནས་ཀྱང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ནོ།   །
 
 ཕྱིར་མཚོན་བྱེད་པ་དང་བརྩེ་དུངས་བརྗོད་པ་གཙོ་བོར་གྱུར་པའི་སྙན་ངག་ལ་མཚོན་ན་གནད་ཀྱི་དམ་པ་ནི་མིའི་རིགས་ཀྱི་ནང་སེམས་ཀྱི་འཇིག་རྟེན་དེ་མཛེས་དཔྱོད་ཀྱི་བྱེད་ཡུལ་བྱས་ཐོག་མིའི་རིགས་ཀྱི་སེམས་ཁམས་ཕྱིར་མཚོན་པ་སྟེ།ཚོར་འདུ་དེ་བརྗོད་བྱའི་ཁྲོད་འཇོག་པ་ནི་ངོ་བོའི་ཁྱད་ཆོས་སུ་མངོན།ལོ་འདི་དག་གི་རིང་ལ་བོད་ཀྱི་སྙན་ངག་མང་བོ་ཞིག་གི་བརྗོད་བྱར་གྱུར་པ་ནི་མཐོང་སྣང་དུ་གྲུབ་པའི་སྤྱི་ཚོགས་དང་རང་བྱུང་གི་ལུགས་དང་མི་མཐུན་པར་སྨག་གི་མདའ་འཕེན་ལྟ་བུའི་བསྟོད་པ་སོགས་མང་བར་འདུགདགག་པ་དེར་ཡང་གོ་རྟོགས་ཟབ་མོ་ཞིག་གི་གནས་ནས་བླང་དོར་གྱི་ཤན་མེད་པར་སྡང་སེམས་ཁོ་ནས་སིམ་པས།སྙན་རྩོམ་གང་མང་ཞིག་རྩ་བ་མེད་པའི་རྩེ་མོ་ལྟ་བུར་སྣང་བའི་ཚོར་བ་སྐྱེད་འོང༌།འོན་ཀྱང༡༩༩༧ལོའི《སྦྲང་ཆར》དེབ་གཉིས་པའི་སྟེང་བཀོད་པའི་གངས་ཞུན་གྱི《ང་དང་མེས་པོའི་སེམས་བསྐྱེད》ཅེས་པས་ང་ལ་མཚོན་ན་སྤོབས་པ་ཞིག་གི་སྔོན་འགྲོའི་ཆ་རྐྱེན་བསྐྲུན།སྙན་རྩོམ་འདི་ལས་མི་རིགས་ཤིག་གི་བཟློག་ཏུ་མེད་པའི་སྙིང་སྟོབས་མཐོང་ཐུབ་པར་མ་ཟད།སྙིང་སྟོབས་དེའང་རྒྱུ་མེད་ཀྱི་འབྲས་བུ་ཞིག་མིན་པར་རང་རིགས་ཀྱི་དངོས་ཡོད་དང་བྱུང་འདས་ལ་བསམ་གཞིག་བྱས་ན་མཐོང་ཐུབ་ཅིང་དེར་དད་མོས་ཁྱད་པར་བ་ཞིག་འབྱུང་བའི་གཞི་རུ་གྲུབ་ཡོད།རྩོམ་པ་པོའི་སྙིང་ཁོང་རུས་པའི་སྟེང་ནས་ཐོན་པའི་དུངས་སེམས་སྙན་ངག་དེའི་སྲོག་རྩར་སིམ་ཞིང༌།འཁོར་བའམ་འཇིག་རྟེན་འཚོ་བ་ནི་ངོ་བོའམ་རང་བཞིན་གྱི་སྟེང་ནས་སྡུག་བསྔལ་སྣ་ཚོགས་ཀྱི་ཕུང་བོར་གྲུབ་ཅིང༌།སྡུག་བསྔལ་ལས་བདེ་བའི་རོ་བྲོ་མྱོང་ཐུབ་པ་ནི་ཆོས་ཉིད་ཅིག་ཡིན།
  • ལེ་ཚན་སྔོན་མ།:《མོ་ སྟོན་ ཕག་ མགོ 》ཞེས་ པའི་ བརྙན་ འཕྲིན་ ཟློས་ གར་ ལ་ བལྟས་ རྗེས་ ཀྱི་ བསམ་ གཞིག
  • ལེ་ཚན་རྗེས་མ།:《ཆོ་ འཕྲུལ 》དང་ དེ་ ལས་ འཕྲོས་ པའི་ གཏམ།
  • དོ་སྣང་ཆེ་བའི་རྩོམ།