ཚེ་རིང་ལྷ་འཛོམས། 2025-05-13
(གནད་བསྡུས།) ལོ་ངོ30རིང་གི་ཚགས་པར་གསར་འགྱུར་རིགས་ཀྱི་ལོ་ཙཱ་བ་ཞིག་ཡིན་པའི་ངོས་ནས་གསར་འགྱུར་སྐོར་གྱི་རྒྱ་བོད་ཡིག་བསྒྱུར་གྱི་ཉམས་མྱོང་དང་འབྲེལ་ནས་གསར་འགྱུར་རྒྱས་འཕྲིན་མ་ཡིག་དང་ལོ་ཙཱ་བའི་བར་གྱི་འབྲེལ་བ་དང་ལོ་ཙཱ་བ་ཁོང་དུ་ཆུད་དགོས་པའི་གསར་འགྱུར་ཆ་འཕྲིན་དང་རྒྱས་འཕྲིན་གྱི་ཁྱད་པར། རྒྱས་འཕྲིན་མ་ཡིག་སྡུད་སྒྲིག་སྒྱུར་བཅས་བརྒྱུད་ནས་ཀློག་པ་པོར་ལྟ་དགའ་ཉན་སྤྲོ་བའི་གསར་འགྱུར་རྒྱས་འཕྲིན་གྱི་བརྩམས་ཆོས་གསར་ཐོན་འབྱུང་ཐབས་སྐོར་ཕྲན་ཙམ་གླེང་ཡོད།
(གནད་ཚིག)ཚགས་པར་གསར་འགྱུར། རྒྱས་འཕྲིན། སྡུད། སྒྲིག། སྒྱུར།
གཅིག། གསར་འགྱུར་མ་ཡིག་དང་ལོ་ཙྭ་བ་བར་གྱི་འབྲལ་ཐབས་མེད་པའི་འབྲེལ་བ།
འགྱུར་ཡིག་ནི་གསར་དུ་སྐྲུན་པའི་གསར་ཐོན་སྐད་ཆ་ཞིག་ཡིན་ཞིང་། ལོ་ཙྭ་བ་ནི་གསར་སྐྲུན་བྱེད་མཁན་གཙོ་གཞི་ཡིན་ལ།མ་ཡིག་གི་ཀློག་པ་པོ་ཞིག་ཀྱང་ཡིན། འགྱུར་ཡིག་ནས་མ་ཡིག་གི་ནང་དོན་དང་རྩོམ་གཤིས། བསམ་བློ་སོགས་མངོན་ཐུབ། དེས་ན་རྒྱས་འཕྲིན་ཞིག་བསྒྱུར་མགོ་བཙུགས་པ་ནས་མ་ཡིག་དང་སྒྱུར་ཡིག་གཉིས་ཀྱི་ནང་དོན་ཕན་ཚུན་བརྗེ་རེས་ཀྱི་གོ་རིམ་ཞིག་གི་གནས་སུ་སླེབས་པ་ཡིན་ལ། རྙོག་འཛིང་ཆེན་པོ་ཡིན་ལ་སྣ་གཅིག་དང་ཕྱོགས་གཅིག། ཕྱི་ངོས་ཙམ་གཏན་ནས་མིན།
ཡིག་སྒྱུར་བརྒྱུད་རིམ་ཁྲོད་ལོ་ཙཱ་བ་ཡིན་པའི་ཆ་ནས་དང་ཐོག་ཀློག་པ་པོ་ཞིག་ཡིན་པའི་ཚུལ་ནས་མ་ཡིག་ཀློག་འདོན་ཐེངས་མང་བྱས་ནས་ནང་དོན་རྒྱུས་ལོན་དང་ལྟ་བ་ཅི་ཞིག་མཚོན་པར་ཤེས་རྟོགས་ཞིབ་ཕྲ་བྱུང་རྗེས་ད་གཟོད་ནང་དོན་ལ་བརྟེན་ནས་ཚིག་སྦྱོར་དོན་བསྡུ་བྱས་ནས་ཡིག་སྒྱུར་བྱ་དགོས། ཡིན་ན་ཡང་ལོ་ཙྭ་བ་དེ་སྤྱིར་བཏང་གི་ཀློག་པ་པོ་དང་འདྲ་བར་ཁོ་རང་ནར་སོན་པའི་བརྒྱུད་རིམ་དང་འཚོ་བའི་ཉམས་མྱོང་། རིག་གནས་ཁོར་ཡུག་སོགས་ཀྱིས་མ་ཡིག་གི་ནང་དོན་ལ་གོ་བ་ལེན་པར་ཤན་ཤུགས་མི་ཉུང་བ་ཞིག་ཐེབས་ཀྱིན་ཡོད།
གཉིས། ཚགས་པར་ཡིག་སྒྱུར་གྱི་ཁོང་དུ་ཆུད་དགོས་པའི་གསར་འགྱུར་ཆ་འཕྲིན་དང་རྒྱས་འཕྲིན་གྱི་ཁྱད་པ།
གསར་འགྱུར་ཆ་འཕྲིན་དང་རྒྱས་འཕྲིན་གྱི་ཁྱད་པར་གཙོ་བོ་ནི་གསར་འགྱུར་ཆ་འཕྲིན་གྱིས་སྟབས་བདེ་དང་མགྱོགས་མྱུར་གྱི་རྣམ་པའི་ཐོག་ནས་གསར་འགྱུར་དོན་རྐྱེན་གནས་ཚུལ་སྤེལ་བ་དང་།དུས་ནུས་རང་བཞིན་དང་དོན་དངོས་སྙིང་བསྡུས་ནན་བཤད་བྱེད་པ་ཡིན་ཞིང་། གསར་འགྱུར་རྒྱས་འཕྲིན་ནི་གསར་འགྱུར་རྒྱས་བཤད་དང་ཞིབ་བརྗོད། བརྩེ་དུང་མཚོན་པ་སོགས་ཀྱི་བྱ་ཐབས་ཕྱོགས་བསྡུས་སྤྱད་དེ་གྲུབ་ཚུལ་སྟབས་བསྟུན(དཔེར་ན་དུས་རིམ་རྣམ་པ་དང་སེམས་ཁྲལ་རྣམ་པ)དང་། རྩོམ་ཡིག་རིང་ཙམ(ཡིག་འབྲི་སྟོང་ཕྲག་ཁ་ཤས་ཟིན་གྱི་ཡོད)ཡོད་པས། གསར་འགྱུར་གྱི་དོན་དངོས་རང་བཞིན་དང་རྩོམ་རིག་གི་ཡིད་དབང་འཕྲོག་ཤུགས་གཉིས་ལྡན་ཡོད་ལ། རྩོམ་རིག་གི་རང་བཞིན་དང་ཞིབ་ཕྲ་ཚད་ལ་མཐོང་ཆེན་བྱས་ཏེ། དེའི་ནང་མི་སྣ་དང་དོན་རྐྱེན་ཞིབ་ཅིང་ཟབ་མོར་མངོན་ཡོད།
གསུམ། ཚགས་པར་གསར་འགྱུར་རྒྱས་འཕྲིན་སྡུད་སྒྲིག་སྒྱུར་གསུམ་སྐོར་གྱི་ལྟ་ཚུལ།
ཚགས་པར་གསར་འགྱུར་རྒྱས་འཕྲིན་ཡིག་སྒྱུར་དེ་རིགས་གཞན་པའི་ཡིག་སྒྱུར་ལས་ཐུན་མོང་མ་ཡིན་ཁྱད་ཆོས་ལྡན་ཞིང་། རྒྱས་འཕྲིན་གྱི་དམིགས་བསལ་རང་བཞིན་དང་བརྡ་སྤྲོད་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པར་སྔར་ལས་དོ་སྣང་བྱ་དགོས། ཚགས་པར་གསར་འགྱུར་ཆ་འཕྲིན་སྤེལ་བར་གཞིགས་ན་རྒྱུན་དུ་སྟབས་བདེ་ཞིང་གོ་སླ་བའི་ཚིག་བཀོལ་སྤྱོད་བྱས་ནས་རིང་ཞིང་རྙོག་འཛིང་ཆེ་བའི་ཚིག་གི་གྲུབ་ཚུལ་ལ་གཡོལ་དགོས་ཞིང་།
ཚགས་པར་གསར་འགྱུར་རྒྱས་འཕྲིན་དེ་གསར་འགྱུར་རྒྱས་བཤད་ཡིན་ན་ཡང་། འགྱུར་ཡིག་དེ་མ་ཡིག་ལས་ཡིག་འབྲུ་ལྡབ་གསུམ་ལྷག་ཙམ་མང་བས། ཡིག་སྒྱུར་བྱེད་དུས་གསར་འགྱུར་གྱི་དོན་དངོས་རང་བཞིན་ལ་གཞིགས་ནས་མ་ཡིག་ཇི་མ་ཇི་བཞིན་སྒོས་ཞིབ་ཅིང་ཟབ་མོ་སྒྱུར་ན་འགྱུར་ཡིག་རིང་ཉེན་ཡོད་པས། དེ་ནས་ཚགས་པར་གྱི་པར་ངོས་ལ་ཚད་ཡོད་པས། ཡིག་འབྲུ་ལ་ཚོད་འཛིན་ཆེན་པོ་བཟོས་ཡོད་པས། དེའི་ཆེད་དུ་ཚགས་པར་གསར་འགྱུར་རྒྱས་འཕྲིན་ཡིག་སྒྱུར་བྱེད་སྐབས་ཀྱང་ཆ་འཕྲིན་གྱི་མདོར་བསྡུས་ཀྱི་ཉམས་འགྱུར་འདི་རྒྱུན་འཁྱོངས་ཏེ། མ་ཡིག་ཞིབ་མོ་ཀློག་འདོན་ཐེངས་མང་བྱས་ནས་མ་ཡིག་ཅུང་སྡུད་སྒྲིག་བྱས་རྗེས་མ་ཡིག་དང་ཅུང་མི་འདྲ་བའི་རྒྱས་འཕྲིན་ཞིག་ཐོན་པ།
གསར་དུ་ཐོན་པའི་རྒྱས་འཕྲིན་མ་ཡིག་དེའང་ལོ་ཙཱ་བའི་རང་ཉིད་ཀྱི་ཡིག་སྒྱུར་བྱེད་སྟངས་བརྒྱུད་ནས་མི་རྣམས་ཀྱི་མིག་ལམ་དུ་རྒྱས་འཕྲིན་མི་འདྲ་བ་ཞིག་སྟོན་ཐུབ། ཡིན་ན་ཡང་རྒྱས་འཕྲིན་སྡུད་སྒྲིག་སྒྱུར་གྱི་སྤུས་ཚད་དེ་ལོ་ཙཱ་བའི་རྒྱ་བོད་སྐད་ཡིག་གཉིས་ཀྱི་ཤེས་ཡོན་ཆུ་ཚད་ལས་རག་ལས་ཡོད་ལ། རྒྱས་འཕྲིན་ཡིག་སྒྱུར་གི་མཐར་ཐུག་གི་དམིགས་ཡུལ་ནི་རིག་གནས་དང་བསམ་བློ་བརྗེ་རེས་ཀྱི་དམིགས་ཚད་ཅིག་ཏུ་སླེབས་པར་འཇུག་པ་ཡིན་པས། རྒྱས་འཕྲིན་མ་ཡིག་རྩོམ་ཉམས་དང་རྩོམ་གཤིས་ཇི་བཞིན་དུ་མཚོན་པ་བཅས་ནི་ལོ་ཙཱ་བའི་ཚད་གཞིར་རགས་ལས་པ་ཡིན་ལ། འགྱུར་ཡིག་གི་བཟང་ངན་འཇལ་བའི་ཚད་ཤིང་ཞིག་ཀྱང་ཡིན། ཚགས་པར་རྒྱས་འཕྲིན་གྱི་ཁ་བྱང་ལ་ལྷག་པར་དུ་ཚིག་སྙན་ཞིང་སྟབས་བདེ་བ། ལྟ་ན་ཡིད་དབང་འགུག་པ་ཡོང་བར་མཐོང་ཆེན་བྱ་དགོས།
ཚགས་པར་རྒྱས་འཕྲིན་མ་ཡིག་ནང་བཅར་འདྲི་སྐད་ཆ་དང་མི་ཞན་གྱི་གསལ་བཤད་སམ་དཔྱད་གཏམ་སྤྱོད་པའམ་ཡང་ན་དྲངས་པ་དང་འབྲེལ་བ་ཡོད་སྲིད། དེའི་སྐོར་ཡིག་སྒྱུར་བྱེད་སྐབས་སྔོན་གྱི་སྐད་ཆ་ཡང་དག་པའི་སྒོ་ནས་མཚོན་པ་བྱ་དགོས་ཤིང་། སྐད་གདངས་དང་བཤད་སྟངས་ཇི་མ་ཇི་བཞིན་སྒོ་ནས་བརྒྱུད་བསྒྲགས་བྱ་དགོས།
མདོར་ན། གསར་འགྱུར་རྒྱས་འཕྲིན་འགྱུར་ཡིག་དེ་གསར་ཐོན་གྱི་རྩོམ་ཡིག་ཤིག་ཡིག་པས། རྒྱས་འཕྲིན་མ་ཡིག་གི་རྩོམ་ཉམས་དང་རྩོམ་གཤིས། བརྡ་སྤྲོད་ཁྱད་ཆོས་ལ་རྒྱུས་ལོན་ཞིབ་ཕྲ་བྱེད་དགོས་པར་མ་ཟད། བྱང་ཆུད་པར་དོ་སྣང་བྱ་དགོས། དེ་ལྟར་བྱས་ན་ད་གཟོད་ལོ་ཙཱ་བྱས་རྗེས་འགྱུར་ཡིག་དེ་ཡང་དག་པའི་སྒོ་ནས་བརྒྱུད་བསྒྲགས་ཐུབ་པ་དང་ཀློག་པ་པོའི་མིག་ལམ་དུ་ཡང་དག་པ་དང་དུས་ཐོག་གི་གསར་འགྱུར་རྒྱས་འཕྲིན་ཞིག་མངོན་ཐུབ་རྒྱུ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10