རྩེ་ཕོ་བྲང་པོ་ཏ་ལ།༼མདུན་སྐྱོན་པར་བསྐྲུན་པའི་རྡོ་སྟེགས།༽

ཡི་དམ་ཚེ་རིང་ནས་བརྩམས། བཀྲ་ཤིས་ཚེ་རིང་ནས་བསྒྱུར།    ཁ་བའི་ལྗོངས།    2013-08-06

མཚན་མོ་བསིལ་ཟེར་འོད་ཀྱིས་འཁྱུད་ཚེ་གནམ་འདེགས་དངུལ་དཀར་མཆོད་རྟེན་གང་ཞིག་སུམ་རྩེན་ཡུལ་ནས་འཕོས་པ་བཞིན།།
ཉིན་མོར་བྱེད་པས་འཇིག་རྟེན་གསལ་ཚེ་འོད་འབར་གསེར་གྱི་རྒྱ་ཕིབས་ཏོག་ལྡན་ཁང་བཟང་རྩེ་ནས་བླངས་སམ་སྙམ།།
བཅུ་ཕྲག་རིག་གནས་བརྩིགས་པས་བསླངས་པའི་ཁང་མིག་སྟོང་ལྡན་ངོ་མཚར་ཕོ་བྲང་སྐར་ཚོམ་སྟོང་གི་ཕུང་པོར་འགྲན།།
ཡང་ཐོག་བརྩེགས་རིམ་བཅུ་གསུམ་བཀོད་མཛེས་མེ་གཟུགས་དུས་རབས་མི་ལོ་རིང་མོའི་མཛད་ཆེན་བསྣམ་པའི་ཕོ་ཉར་རྟོག །
དཀར་དམར་ཕོ་བྲང་ཚོན་གྱིས་བྱུག་རིས་གངས་ལྗོངས་མཛེས་བྱེད་ངོ་སྐག་མིན་གྱི་རྨད་བྱུང་བློ་ཡི་བཀོད་པ་ལགས།།
ཡར་རྒྱས་བརྩོན་ལེན་བུ་རབས་རྣམས་ཀྱིས་བློ་གྲོས་དབང་ཕྱུག་སྔོན་རབས་མེས་པོའི་བསམ་དོན་དངོས་གཞི་རྟོགས་ཨེ་བྱུང་།།
ཕོ་བྲང་མདུན་གྱི་རབ་མཐོ་རྡོ་རིང་རྗེས་རབས་བུ་རྒོད་རྟ་ཕོར་བསྐྱོན་བྱེད་སྔོན་མེད་ཆེད་བཞེངས་སྟེགས་བུ་ཡིན།།
  • ལེ་ཚན་སྔོན་མ།:གངས་ལྗོངས།
  • ལེ་ཚན་རྗེས་མ།:གཞོམ་གཞིགས་བྲལ་བའི་མེ་ལོང་།༼བྷོད་ཐང་མཐུན་འབྲེལ་རྡོ་རིང་།༽