ཕ་ཡུལ་རྩྭ་ཐང་།

བྲག་འགོ (ལི་སྨད་ཉི་གཞོན།)        2012-12-20

ཕ་ཡུལ་རྩྭ་ཐང་།

སྐྱ་རེངས་ཀྱི་འཛུམ་བག་ལྷུག་ལྷུག་དུ་དགོད་དུས།
མཛེས་སྡུག་གི་རྨི་ལམ་ལ་རོལ་བའི་སྐྱེ་འགྲོ་ཀུན་གཉིད་ལས་དཀྲོགས་སོང་།
རྩྭ་ཐང་གི་པང་ཁུག་ན་ཞོ་གསར་ལྟར་རྒྱུ་བའི་དུད་སྨིག
ཕྱོགས་ཡོངས་ཀྱི་རི་ཚོགས་ལ་གུས་ཕྱག་འཚལ་གྱིན་མཁའ་དབྱིངས་སུ་འཐིབས།
སྦྲ་ནག་གི་འདབས་རོལ་ན་པགས་རྩག་གྱོ ན་པའི་བྱིས་པས་ཁེར་ལབ་རྒྱག
མ་ལོའི་དགོ་དགོ་ཡི་དབྱངས་རྟས་ཆུ་ཕྲན་གྱི་རོལ་དབྱངས་བསུས།
རྩྭ་མགོའི་ཟིལ་བ་མེ་ཏོག་གི་ཁ་ཆུ་ཡིན།
ཁྲི་གདུགས་ཉི་མ་ཨོ་ལོ་ཡི་དྲན་ཤིང་ཡིན།
སྦྲ་ནག་ཚོམ་བུའི་མུ་ཏིག་བསྟར་ལ་བརྒྱུས་དེ།
རྟ་ནོར་ལུག་གསུམ་སྐར་ཚོགས་ལྟར་པང་ལ་བཀྲམ།
ཕ་ཡུལ་ཡ་རྩྭ་ཐང་།
རྟ་མཆོག་གི་རྨིག་སྒྲ་སྟག་ཤ་རའི་སེམས་ཀྱི་གཉན་ས་དང་།
ན་ཆུང་གི་བུ་མོ་རོགས་ན་ཟླའི་མིག་གི་རྒྱན་ཆ་རེད།
ད་དུང་གཡང་དཀར་ལུག་ཁྱུ་སྤྲིན་དཀར་ལ་འདྲེས་བཞིན།
འབའ་སྒྲའི་གླུ་སྙན་སྤང་ལྗོངས་ཡངས་མོར་ཁྱབ།
གསེར་མདོག་གི་ཉི་མ་མཁའ་དབྱིངས་ནས་ངོམ་དུས།
ངལ་རྩོལ་ལ་བྲེལ་བའི་ན་ཟླ་ཚོས་རྔུལ་ཆུ་འབྱིད་བཞིན།
རྩྭ་ཐང་ན་མེ་ཏོག་གི་མགོ་ལྕོག་ལྡེམ་ལྡེམ་གཡོ།
བུང་བའི་མགྲིན་སྒྲ་རྒྱུད་མང་ལྟར་རྣ་བར་སྙན་ཞིང་།
ཉི་ཟེར་དྲོན་མོ་སྙིང་སྡུག་བཞིན་སེམས་སུ་དྲོད།
ད་དུང་སྦྲང་ཆར་ཟིལ་མ་སྤྲིན་པའི་གསང་བ་ལས་རྡོལ་དུས།
བསིལ་རླུང་འཇམ་པོ་ནི་རྩྭ་ཐང་གི་བསིལ་གཡབ་ཡིན།
ཕ་ཡུལ་ཡ་རྩྭ་ཐང་།
མི་རིགས་ཀྱི་མཛའ་མཐུན་འཛམ་གླིང་གི་རེ་ལྟོས་ཡིན།
འཚོ་བ་ཡི་ལོངས་སྤྱོད་ང་ཚོ་ཡི་བདེ་སྐྱིད་ཡིན།
མཛའ་བརྩེ་དང་མཐུན་སྒྲིལ་གྱིས་སྦྲེལ་བའི་ཕ་ཡུལ།
རྩྭ་ཐང་གི་མངལ་དུ་སྦྲུམ་པའི་ནོར་མཆོག་ཡིན།
  • ལེ་ཚན་སྔོན་མ།:མི་ཚེ་ཡི་དབྱངས་རྟ།
  • ལེ་ཚན་རྗེས་མ།:མི་ཆོས་གནད་ཀྱི་ཕྲེང་བ་བཞུགས་སོ།