ཀ་བཤད་སྒོམ་པ་ཆེན་པོའི་རྣམ་ཐར།

རྨོག་ཐང་དཀར།        2021-04-02

ཀྭ་ཡེ་སྙིང་སྡུག་འཁྲི་ཤིང་གཞོན་ནུ་དཔལ།།

ཁ་མིན་གཏིང་གི་རྡོ་རྗེ་གསོར་མོ་ཡིས།།

ག་ས་ཡུལ་ནི་མ་ངེས་གང་ཀུན་ཏུ།།

ང་བདག་ལྷན་སྐྱེས་ཉིད་ལ་ཨི་ཁུང་བརྟོལ།།

ཅ་ནེ་དབྱིག་འཛིན་སྤྲང་ཀོག་རི་ལ་འཁྱམས།།

ཆ་བྱད་ཀུན་བཟང་བླ་མའི་ཐོར་ཚུགས་ཅན།།

ཇ་ཆང་གཉིས་མེད་དག་པ་རབ་འབྱམས་ཀྱི།།

ཉ་གང་ཟླ་ཞལ་ཅན་གྱི་རྣལ་འབྱོར་མཁྱེན།།

ཏ་ལེན་སྣོད་དུ་གཏོར་མའི་རྩམ་དྲི་འཐུལ།།

ཐ་མལ་སྤྱོད་པའི་དགོངས་རྫོགས་གནད་དུ་སྨིན།།

ད་ལྟ་ལྔ་བདོ་དུས་ཀྱི་ཡང་ཐ་འདིར།།

ན་སྨད་ལྟུང་བས་མ་གོས་གཅིག་པུ་བ།།

པ་སངས་ཐུགས་ཀྱི་གཤིས་ལ་འོད་བརྒྱ་ཕོག།

ཕ་ལམ་དམར་པོའི་ཁྲ་རྒྱན་གསུང་གི་གསང་།།

བ་འོ་མི་འཐུང་དཀའ་ཐུབ་སྤྱོད་པ་དང་།།

མ་ལུས་བརྟུལ་ཞུགས་འཛིན་པའི་རྫོགས་སངས་རྒྱས།།

ཙ་རིའི་སྨྱུག་ཕྲན་དང་འདྲའི་ཆོས་དབྱིངས་ཐུགས།།

ཚ་ཟེར་ཁྲི་གདུགས་འོག་ཏུ་ཞི་ལྷག་བསྒོམ།།

ཛ་ཏི་སྡོང་བོའི་བསིལ་གྲིབ་ཉམས་དགའ་ནས།།

ཝ་སྐྱེས་རི་དྭགས་རྣམས་ཀྱང་ཞི་བར་གནས།།

ཞྭ་མེད་ལྷམ་ཀོག་རས་རྐྱང་ཤམ་གོས་ཅན།།

ཟ་འཐུང་རི་རྩྭ་སྨན་ལྡུམ་ཏིལ་འབྲུ་ཙམ།།

འ་འུར་ཡོ་མེད་བསམ་གཏན་སེམས་ཀྱིས་གསོལ།།

ཡ་གིའི་རྫོགས་ཆེན་བླ་མ་བདེ་གཤེགས་ལྷ།།

ར་མ་རྒྱ་མོའི་སྟངས་སྟབས་གཡུང་དྲུང་ཅན།།

ལྭ་ནག་དགའ་བདེ་ཆོས་སྐྱོང་ཞགས་པ་ཅན།།

ཤ་ཟན་སྲིན་པོ་དགུ་ཡི་ཕས་ཀྱི་རྒོལ།།

ས་མཁན་རྡོ་རྗེ་གཅོད་པས་རུས་དུང་འབུད།།

ཧ་ཅང་སྒྲོབ་ཉམས་ཆེ་བའི་ཚིག་རོ་ནི།།

ཨ་མཆོད་བནྡེའི་ཁ་ན་སྔགས་ཀྱི་ཚིག།

ཞི་ཁྲོ་ཉམས་བརྒྱ་འབར་བའི་ཀ་བཤད་འདི།།

རྟོགས་ལྡན་རྣལ་འབྱོར་ཆེན་པོའི་རང་རྣམ་ཡིན།།


  • ལེ་ཚན་སྔོན་མ།:རང་ཉིད་ལ་བལྟས་པ།
  • ལེ་ཚན་རྗེས་མ།:ཀ་ཕྲེང་ཕུ་མདའ་ལ་ཤོད།