ཀ་ཕྲེང་ཕུ་མདའ་ལ་ཤོད།

རྨོག་ཐང་དཀར།        2021-04-06

ཨ་ནི་སྐྱེ་མེད་ཆོས་དབྱིངས་མཚོན་པའི་གཟུང་།།

ཧ་ལམ་སྐྱེ་དགུའི་མཐོང་ཐོས་དྲན་རེག་དབེན།།

ས་ལམ་མངོན་རྟོགས་རིམ་པ་མཐོ་བའི་མིས།།

ཤ་ཡང་བཟས་ན་འདྲེན་པའི་ཐབས་སུ་ལྟ།།

ལ་ལའི་སེམས་ཀྱི་མ་དག་འཕྱང་མོ་ཉུག།

ར་རྫི་གླེན་པའི་བློ་ངོར་འཇགས་ཐབས་མེད།།

ཡ་རབས་བདེན་པའི་ལམ་བཟང་ཉི་ཟླའི་གམ།།

འ་ཅག་དུག་ལྔའི་སྐྱེས་བོས་འཚོལ་ཐབས་དབེན།།

ཟ་ཞིང་རྟུག་པས་བཀང་བའི་ཉོན་མོངས་ཅན།།

ཞ་འཐེང་འགྲོས་ཀྱིས་དཔག་ཚད་གང་དུ་ཕྱིན།།

ཝ་མོའི་གཡོ་ལ་རྫུ་འབག་སྟོང་གིས་བྱུགས།།

ཛ་དྲག་ཉེས་ཆེན་བཙོན་ལས་ཐར་པ་བཞིན།།

ཚ་གདུག་རེག་བྱ་མི་འདོད་འགོག་པའི་སླད།།

ཙ་རིའི་ནགས་ལ་ཁེར་རྐྱང་དལ་གྱིས་རྒྱུ།།

མ་དག་གདོན་གྱི་ཆོ་ངེ་འདེབས་པ་ནི།།

བ་ལང་ལྐོག་ཤལ་ཅན་གྱི་མགྲིན་པ་སྟེ།།

ཕ་རོལ་ཕྱིན་པའི་ཡང་དག་དོན་གྱི་ལྷས།།

པ་ཏྲའི་དྲ་མིག་ནང་ནས་འཁོར་བར་ལྟ།།

ན་ནིང་ད་ཚོད་ཟེར་བའི་ཚོད་དཔག་གིས།།

ད་ལྟའི་ཟག་ལུས་ཕུང་པོ་མ་འཐོར་ཡང་།།

ཐ་མར་ལས་ཀྱི་འཕེན་པ་ཟད་པའི་དུས།།

ཏ་ལེན་ཕྱི་སློག་བརྗེ་འདྲའི་རྒུད་པ་འབྱུང་།།

ཉ་མོ་མཚོ་ལ་དུངས་བའི་འཁྲུལ་སྣང་གིས།།

ཇ་ཆང་སྐྱེམས་ཀྱི་དྭངས་མ་གཞན་ལ་ཤོར།།

ཆ་མེད་རྒྱུས་མངའ་མེད་པའི་བར་དོ་རུ།།

ཅ་ཅོའི་འུར་ཟིང་སྒྲོག་བཞིན་འཁྱམ་པར་འགྲོ།།

ང་ནི་ཚོགས་དྲུག་སྣང་བའི་སྤྱི་བམ་ཙམ།།

ག་ལེར་བསམ་ན་བདག་འཛིན་ཀུན་ཞིག་ཅེས།།

ཁ་ཁོག་མཐུན་པའི་ས་བཅུའི་བྱང་སེམས་སོགས།།

ཀ་དག་གདོད་མའི་ལྷ་ཡི་ལུང་བསྟན་མང་།།

ཡུལ་ནི་མ་དག་སྡུག་བསྔལ་སྣ་ཚོགས་ཀྱིས།།

ཉེ་བར་དྲངས་པའི་ངེས་འབྱུང་ཀྱ་མ་ཀྱུ།།

བོད་ཀྱི་རྩོམ་སྲོལ་ཀ་བཤད་ཕྲེང་བ་རུ།།

རྟོག་འགྱུ་མྱུར་མོས་སྐད་ཅིག་ཉིད་དུ་སྦྱར།།

  • ལེ་ཚན་སྔོན་མ།:ཀ་བཤད་སྒོམ་པ་ཆེན་པོའི་རྣམ་ཐར།
  • ལེ་ཚན་རྗེས་མ།:འཕགས་མ་དབྱངས་ཀྱི་རྒྱལ་མོ།