སྒེའུ་ཁུང་འགྲམ་གྱི་རྣམ་ཤེས།

ཁམས་སྨྱུག་གསར།        2021-03-03

རོལ་དབྱངས་ཐན་ཐུན་དཀྲོལ་བའི་ནུབ་མཐའ་རུ། །

གཅིག་པུས་མིག་ཟུང་ཀེར་ནས་རྒྱང་རིང་དུ། །

རྣམ་ཤེས་ཕྱི་ལ་འཁྱམ་པའི་ངང་ཚུལ་གྱིས། །

ཤེལ་གྱི་སྒོའུ་ཁུང་འགྲམ་ནས་ཅི་ཞིག་འཚོལ། །

བག་ཆགས་རླབས་རིས་གཡོ་བའི་ཕར་ངོས་ནས། །

རྣམ་ཤེས་འཇག་མ་བསྐྱོད་པའི་བྱེ་ཐང་དུ། །

སྣང་སྲིད་ཡོ་ལང་འཁྲིགས་པའི་བློས་བསླངས་ཀྱིས། །

ཚོགས་དྲུག་བུ་ཆུང་ཚིམས་པའི་ལྟད་མོ་བསྟན། །

སྐར་ཚོགས་ཤིག་ཤིག་འདར་བའི་ནམ་མཁའ་ནས། །

ཕྱེད་ཕྲིའི་ཟླ་བ་མཐའ་ནས་འཛུམ་ཙམ་གྱིས། །

རྩྭ་སྐྱའི་ཅོད་པན་ཐོགས་པའི་རི་འདབས་སུ། །

ངུ་མ་དགོད་ཀྱི་ཕྱི་མིག་སུ་ལ་འཕེན། །

འདབ་ལོ་འཐོར་བའི་ལམ་གྱི་འགྲམ་ངོས་སུ། །

ཆུ་ཤིང་སྐྱ་བོའི་སྐྲ་ལོ་གསེད་བའི་སྟེང་། །

འུག་བྱ་ནག་པོས་གཤོག་སྣེ་ལྡེམ་ཙམ་གྱིས། །

མི་ཡུལ་མགྲོན་པོ་སུ་ལ་འཕྱ་སྨོད་བྱས། །

རྒྱུས་མེད་དགུན་རླུང་ནག་པོའི་རྒྱུ་ལམ་དུ། །

དར་ལྕོག་དམར་པོའི་འདབ་ལྕེ་སྐྱོད་པའི་ཁྲོད། །

ཟླ་འོད་འཚོལ་བའི་རྣམ་ཤེས་འཁྱམ་པོ་ཞིག །

སྒེའུ་ཁུང་འགྲམ་ནས་ཡང་ཡང་ཕྱི་ལ་ཤོར། །

ངེས་བརྟན་བྲལ་བའི་གནམ་སའི་བར་མཚམས་ནས། །

རྒྱུས་མངའ་མེད་པའི་མི་ཚོགས་གྲངས་མེད་ཀྱི། །

དགའ་སྐྱོའི་ཚོར་རླུང་རྒྱུ་བའི་ཆོ་འཕྲུལ་གྱིས། །

སྙིང་གི་གཏམ་དེ་གཅིག་པུས་གླེང་དགོས་བྱུང་། །

སྒྱུ་མའི་འདྲེ་སྐད་ཐོས་པའི་དུར་ས་ནས། །

མི་ཡུལ་འགྲིམ་པའི་གོམ་ཁ་མ་འདྲི་རོགས། །

བག་ཆགས་སྣ་ཚོགས་འཁུར་བའི་གར་མཁན་གྱིས། །

ཀུན་རྫོབ་སྒྱུ་མའི་མིག་ཟུང་གཡོ་བཞིན་འདུག །

སྒྱུ་མའི་གླུ་ཆུང་ལེན་པའི་ས་མཐའ་ནས། །

སེམས་ཀྱི་རོལ་དབྱངས་དཀྲོལ་བའི་ཤོག་ངོས་སུ། །

སླར་ཡང་སྨྱུ་གུའི་རྗེས་ཤུལ་ཕབ་པ་ན། །

དགའ་སྐྱོའི་རོལ་རྩེད་མཐོང་བའི་བརྙན་རིས་གསལ། །


  • ལེ་ཚན་སྔོན་མ།:​དུང་བ་གསེར་གྱི་འཕྲིན་ཆུང་།
  • ལེ་ཚན་རྗེས་མ།:ཟག་མེད་ཀྱི་གླུ།