ཟག་མེད་ཀྱི་གླུ།

        2021-03-05

མགུར་མའི་རྩ་མདུད་གྲོལ་བ་ན། །

ལས་ཀྱི་ཉོན་མོངས་ཞི་བ་དང་། །

སེམས་ཉིད་ངལ་བ་སད་གྱུར་ན། །

བརྩེ་བའི་སོ་ཕྲེང་འཛུམ་པ་ནས། །

འདིར་སྣང་ཚོར་བའི་འགྱུ་བ་ལ། །

ཀུན་རྟོག་ཚོར་ཤེས་དལ་གྱིས་ལྡང་། །

ཟག་མེད་གླུ་ཡི་དགའ་སྟོན་ལ། །

མཆོག་ལྡན་ལྷ་མོ་ཞི་བར་མཇལ། །

དབྱངས་ཀྱི་ཟེགས་མ་འཐོར་བ་ན། །

སྤྲོས་འཛིན་སྣང་བ་ཇེ་ཟབ་རེད། །

ཚེ་རབས་ལས་ཀྱི་ནགས་ཚལ་དུ། །

རིག་བྱེད་སིལ་མའི་བཙན་ས་ཟིན། །

ལས་ཀྱི་མེ་ཏོག་འཐོར་ཚུལ་ལ། །

རྟེན་འབྲེལ་ལས་ཀྱི་རི་མོ་བྲིས། །

རིག་བྱེད་ངག་གི་ཟླ་ཤེལ་ལ། །

གླུ་ཡི་སིལ་མའི་ཕྲེང་བ་གཏོར། །

རྗེས་ཆགས་བརྩེ་བ་མ་བཅོས་པ། །

སྤྱན་གཉིས་རྣམ་པར་ཚེས་པ་ལ། །

དབུ་རྒྱན་མེ་ཏོག་ཕྱང་འཕྲུལ་ལ། །

རྣམ་རྟོག་ཚིག་གི་དྲ་བ་ཕྱེས། །

ཟླ་བའི་མཚོ་མོ་བསྲུབས་པ་ལ། །

མཆོག་དགའི་རང་བཞིན་ཅན་ལྡན་མ། །

རིག་བྱེད་མགྲིན་དབྱངས་སུ་ལ་གཏོར། །

ངག་གི་འདེགས་འཇོག་སུ་ལ་འཁྲོལ། །

རབ་བྱེད་བཏགས་པའི་སྣང་བ་ལ། །

འདུ་འབྲལ་སྒྱུ་མའི་སེམས་ཉིད་འདི། །

སྤྲོས་འཛིན་སྣང་བ་སུ་ལ་ལྡོག །

སྙན་ཚིག་སིལ་མའི་དོ་ཤལ་ལ། །

ལས་ཀྱི་སྨུག་པ་གང་སར་འཁྲིགས། །

ཀུན་རྫོབ་སྣང་བའི་སྒྱུ་འཕྲུལ་ལ། །

ཀུན་རྟོག་ཚིག་གི་ཟུག་ངུ་ལ། །

བརྩེ་བའི་མེ་ལོང་མ་འཆང་བའི། །

བྱོན་པའི་ལྷ་མོ་གར་མཁན་མ། །

སྒེག་ལྡེམ་ལུས་ཀྱི་འཁྲི་ཤིང་ལ། །

སྤྱན་རིས་ཁྲ་ཆིལ་ལྷིང་ངེ་གསལ། །

༼ ཁམས་པ་རབ་དབྱངས། ༽


  • ལེ་ཚན་སྔོན་མ།:སྒེའུ་ཁུང་འགྲམ་གྱི་རྣམ་ཤེས།
  • ལེ་ཚན་རྗེས་མ།:ཁ་བའི་འབྲོག་མོ།