ལས་ཀྱི་བུ་ལོན།

གངས་ཆབ་སྔོན་མོ།        2021-01-26

དྲོད་རྟ་རྔ་ཙམ་ཞིག་འཁུར་བའི་ཤིང་ལོའི་ཚོགས།

རླུང་གིས་བདས་ནས་གཤོང་དུ་ཡང་ཡང་སྤུངས།

འ་ཆད་འུ་ཐུག་གི་སེམས་ངལ་རྡོག་པོ་དེའང་།

གྲིབ་གཟུགས་ཁོ་ནའི་ཁྲོད་ཡོན་པོར་འགུལ།

ཚེ་ལོ་ཡི་མཐར་རིམ་གྱིས་བསྲིངས་ཀྱིན་པ།

ཉི་ཟླ་སྐར་གསུམ་གྱི་བར་ཐག་མ་ཡིན་པར།

སྨུག་རྒྱུའི་ཕོ་བྲང་ནག་པོ་ཞིག་ཡིན་ནམ།

ཡང་ན། བར་མ་ཆོད་པའི་ངོ་གདོང་

གཞན་ཞིག་ཡིན།

གཙང་ཆུའི་ངོ་བོ་སྤྲིན་པས་ཡང་ཡང་

བགྲུངས་དུས།

རུ་སྡེ་ཕྲ་མོ་འདིའི་མཛེས་པ་ཡོད་ཚད་ཀྱང་།

ལས་ཀྱིས་དེད་པའི་སྟོང་ཁམས་སྐྱ་བོ་ཞིག་ཏུ་སྣང་།

གུ་ཡངས་དང་བག་ལྷོད་མེད་པའི་

ཉིན་མཚན་རིང་མོ།

རང་དབང་དང་ཡིད་ཆེས་དབེན་པའི་

ངོ་གདོང་སྙི་མོ།

སྲིད་པའི་ཡས་མཐར་མདུད་པའི་

བུ་ལོན་ཁོ་ནར་གྲུབ།

རྒྱང་རིང་གི་མཚོ་མོ་དང་ཉེ་འགྲམ་གྱི་

ཅ་དངོས་དག

སྟོང་བ་ཉིད་མཚོན་བྱེད་ཀྱི་དཔེ་རུ་

ཡང་ཡང་འོས་ན།

ཟག་བཅས་ཀྱི་ལུས་རྟེན་ཕྲ་མོ་ལའང་སྙིང་བོ་ཅི།

ནང་སེམས་ཁོ་ནར་དབང་བའི་ལན་ཆགས་ཀྱི་

བུ་ལོན་ཉིད།

ལས་ཀྱི་བུ་ལོན།

འབྲོག་ཐང་གི་མཚན་མོ།

མུན་ནག་གི་དབྱིངས་སུ་བཀྲག་མདངས་

འཚེར་བ་ནི།

མཁའ་དབྱིངས་ཀྱི་སྐར་ཚོགས་མ་ཡིན་ལ།

ལམ་འགྲམ་གྱི་གློག་འོད་དེ་བས་ཀྱང་ག་ལ་ཡིན།

འཇམ་ཅག་གེར་ལུས་པའི་འབྲོག་ཐང་

གི་མཚན་མོ་འདི།

སེམས་ཕྱེད་ཁྲི་སྟོང་གི་རྨི་ལམ་གྱི་

གཤོག་པ་ཞིག་གམ།

ཡང་ན། བརྩེ་བ་འབུམ་འགྱུར་གྱི་

ཞིང་ཁམས་ཤིག་ཏུ་འཁུམས།

འཛུམ་མདངས་སྐྱ་བོ། ཚིག་རིས་འཁྱོག་པོ།

མུན་ནག་ནང་གི་གསེར་གྱི་ཤིང་རྟ་ཆེན་པོ།

ལས་ཉོན་གྱིས་མནར་བའི་སྒྱུ་མའི་གླང་ཆེན།

ཐང་ཅིག་ཏུ་འགྱུར་འགྲོ་བའི་འདུ་ཤེས་ཀྱི་རྩ་བ།

མུན་ནག་གི་གཏིང་རིམ་དུ་འཕྱོ་བའི་

ལས་ཀྱི་གྲིབ་རིས་ཏེ།

སྟོད་སྨད་གཉིས་སུ་ཟགས་པའི་མིག་ཆུའི་

དྭངས་ཤ་ཉིད།

གཙང་བོས་མ་ཐེག་པའི་ཐིག་ལེ་དཀར་དམར།

སེམས་ཀྱིས་མ་ཟིན་པའི་འཁོར་བའི་གཏིང་མཐའ།

ཡི་འབྲུས་མ་ཁུགས་པའི་ཡབ་མེས་ཀྱི་རུས་པ།

ལོ་ཟླའི་མེ་ལོང་ནང་སྐྱེས་པའི་སྨུག་པའི་

ནགས་ཀློང་མཐུག་པོ་དེའོ། །


  • ལེ་ཚན་སྔོན་མ།:མཚམས་སྤྲིན།
  • ལེ་ཚན་རྗེས་མ།:རས་པའི་མི་ཚེ།