སེམས་ནང་གི་ཨ་མ།

རི་སྤྱང་།        2021-01-18

ཨ་མ་རྒ་བཞིན་འདུག།

འདྲ་པར་ངོས་སུ་ངས་ཨ་མར་

ཡང་ཡང་བལྟས།

སྐབས་དེར་ཨ་མ་ཞེས་

ཡང་ཡང་བོས་པ་ཡིན།

ང་རང་ཨ་མར་འཕྲད་པའི་

དུས་ཚོད་ཤིན་ཏུ་ཉུང་།

སེམས་སུ་ནོངས་འགྱོད་

ཀྱི་ཁུར་བོ་རབ་ཏུ་ལྕི།

ཨ་མ།

ང་རང་ནད་ཀྱིས་མནར་དུས།

ཨ་མའི་མིག་ནང་ནས་

ཕངས་སེམས་མེད་པར།

མིག་ཆུའི་ཐིགས་པ་རེ་རེ་ཤེལ་གྱི་

ཕྲེང་བ་ལྟར་འཐོར་བྱུང་།

དུས་དེར་མགྲིན་པའི་གྲེ་

བ་བརྣངས་ནས།

ངག་རྡབ་རྡོབ་ཅིག་ལས་ཅི་ཡང་

ཁྲོལ་བཞིན་མི་འདུག

ཨ་ཅེ་ཚོས་བཤད་ན།

ཨ་མས་ནམ་རྒྱུན་ང་ཡི་དོན་དག་

མང་པོ་ཞིག་གླེང་བཞིན་འདུག

སྐྱེས་པ་ནས་ད་ལྟའི་བར་དུ་ངས་

ཨ་མར་འདང་རྒྱག་མ་མྱོང་།

ད་ལྟ་ཨ་མ་རྒ་བཞིན་འདུག

དྲིན་ལན་ཇི་ལྟར་འཇལ་དགོས།

  • ལེ་ཚན་སྔོན་མ།:​སེམས་ཀྱི་ཤ་ལ་འབྱར་བའི་གཡུ་ཆུང་བུ་མོ།
  • ལེ་ཚན་རྗེས་མ།:ཡུ་མོ་ཁེར་འགྲོ།