​སེམས་ཀྱི་ཤ་ལ་འབྱར་བའི་གཡུ་ཆུང་བུ་མོ།

གངས་ཟེགས།        2021-01-15

དབྱངས་ཅན་མ་ནི་སྒོམ་གྱིན་མེད་དེ་མཐོང་

རེག་མེད་པའི་ནམ་མཁའ་རེད།།

སེང་ལྕམ་འབྲུག་མོ་དྲན་གྱིན་མེད་དེ་ལྷ་སྒྲུང་

ནང་གི་ཡིད་བརྙན་རེད།།

ངས་ནི་སྙིང་གི་ཁྲག་དམར་བསྲོས་ཏེ་ཤ་རྒྱུས་

ཟ་འཕྲུག་བསླང་ཡོང་བའི།།

བལྟས་ཤིང་སྡུག་ལ་རེག་ཅིང་འཇམ་པའི་

གཞོན་ནུ་མ་དེ་དྲན་སོང་ངོ་།།

དལ་ཅིག་ཧད་ན་འཇའ་རིས་ངོས་སུ་འཛུམ་པའི་

ཚེམས་ཕྲེང་བསྟན་ཡོང་འདུག།

གཉིད་ཅིག་ཁུག་ན་རྨི་ལམ་ནང་ནས་གསེར་མདོག་

ལང་ཚོ་ངོམ་ཡོང་འདུག།

ངལ་ཞིང་དུབ་པའི་མི་ཡུལ་ཐང་འདིའི་མྱ་ངན་

སེལ་བའི་བདུད་རྩི་མ།།

ཁོས་བོས་ཁྱེད་ཀྱི་ཚན་ཁ་འབར་བའི་བརྩེ་བའི་

ཆབ་རྒྱུན་རྔུབ་ཀྱིན་མཆིས།།

སེམས་ལ་ཁ་ཆར་བུ་ཡུག་འཚུབ་དུས་དྲོད་ཀྱི་

ཉི་མ་འདྲེན་ནས་བྱུང་།།

ལུས་ལ་འདོད་པའི་མེ་ཆེན་འབར་དུས་གྲུ་

ཆར་བསིལ་བ་སྟོར་ནས་བྱུང་།།

འཇིག་རྟེན་སྣང་བའི་སྒྱུ་འཕྲུལ་ཀློང་ནས་

མངོན་དུ་འཁྱུད་པའི་ཡིད་འོང་མ།།

ང་ཡིས་ཁྱེད་ལ་གློ་སྙིང་བྲང་གསུམ་གཡུ་ཆུང་

དྲུག་དཀར་ཚུལ་དུ་འབུལ།།

མེ་ཏོག་སྙི་མོའི་མཁུར་ཚོས་སྟེང་ལ་གསེར་གྱི་

སྦྲང་ཆུང་བབས་འདྲ་བ།།

རྨི་ལམ་སེར་བོའི་སྒྲོན་མེ་ཁ་ནས་གཡུ་ཡི་རྟ་

ཁྱུ་ཞོགས་འདྲ་བ།།

ཁྱེད་ནི་སྣང་བརྙན་འདི་ཚོས་མི་མཚོན་བྱང་

ཁོག་སྟོད་ཀྱི་སྨུག་སྤྲིན་ནང་།།

མཛའ་གླུ་སིམ་སིམ་དབྱངས་ལ་བསྡེབས་པའི་

དུང་གི་བུ་མོ་བསྙོར་བ་འདྲ།།

ང་ཡི་རུས་པའི་རྡོ་འཁྱག་བར་ན་ཁྱེད་རང་

ཞུགས་ན་དྲོད་རླངས་འཐུལ།།

བིམ་པའི་མཆུ་ཡིས་འོ་ཞིག་བྱས་ན་བ་སྤུའི་རྩེ་ནས་

བསིལ་བ་འཐོར།།

རྩ་ལམ་འགག་པའི་ནད་དང་དུད་ནག་མྱོས་

བྱེད་ཆང་གིས་འཁྲུད་བྱས་པའི།།

ཁྱེད་ནི་དྲན་པའི་རྩ་རླུང་རྒྱུ་སྟེ་བརྩེ་འདང་

ཤེལ་གྱི་མེ་ཏོག་བཏུས།།

བདག་གི་དྲན་འཛིན་མེ་ལོང་བརྒྱུད་དེ་མོ་ཡིས་

ཉིན་མཚན་སོ་ལྟ་བྱས།།

སྐྲ་ལོ་ཉག་རེས་ཉི་འོད་འཐུང་སྟེ་མིག་ཟུང་

གཡོ་བས་འཇིག་རྟེན་འཛུམ།།

ཞལ་དང་ཚེམས་དཀར་སྟོན་ཙམ་གནང་བས་

ས་གཞི་ཆེན་པོ་ཞུམ་ཞུམ་དུལ།།

ང་ཡིས་སྙིང་ཆུང་ནེམ་ནེམ་ལྡེམ་ཞོར་འཐམ་

འཁྱུད་ཅིག་གི་རྨི་ལམ་རེ།།

མི་ཚོགས་འཇིགས་པོའི་མུན་ཁུང་ནང་ནས་

བརྩེ་བ་སྒྲོན་པའི་འོད་དཀར་མ།།

འཚོ་བའི་འཇམ་རྩུབ་ཤ་རུས་བརྡར་དུས་

དུང་བ་རུམ་པའི་གོས་འཇམ་མ།།

ང་ཡི་དྲན་གདུང་བྱེ་ཐང་འདི་རུ་འདང་

བརྩེ་ཆར་གྱི་འདོད་འཇོ་མ།།

ཁྱོད་ནི་ཞེན་ཆགས་ལོ་ཟླ་བརྩེགས་པའི་

རྨི་ལམ་ནང་གི་ངང་ཆུང་མ།།


  • ལེ་ཚན་སྔོན་མ།:དྲིན་ཕ་མ་གཉིས་ལ་སྐྱབས་སུ་མཆི།
  • ལེ་ཚན་རྗེས་མ།:སེམས་ནང་གི་ཨ་མ།