ཨ་ཕའི་རྟ་ཕོ།

རང་ལས་རྒྱལ།        2021-01-06

སྐད་ཆ་ཁ་ཤས་ཤིག

ཚིག་གིས་མཚོན་ཐབས་མེད་ན།

རི་མོར་བྲིས་ཆོག

མི་སེམས་ཀྱི་ཟབ་སར་ཉར་བའི་སྐད་ཆ་ཁ་ཤས།

གཞན་གྱིས་གོ་བའི་ངེས་པ་མེད་པས།

རང་གིས་རང་ལ་བཤད་ཆོག

ཅིག་བྱས་ན། དེ་ནི་མི་སེམས་ཀྱི་དབུགས་

དབྱུང་ཐེངས་ཤིག

འུར་ཟིང་གི་འཚོ་བའི་ཁྲོད།

འུ་ཅག་ཐག་རིང་ཐག་རིང་ཞིག་ཏུ་འགྲོ་བའི་

སྟ་གོན་བྱས་ཀྱང་།

འགྲོ་འདུག་གོམ་པའི་བར་ནས་རང་ཉིད་ཀྱང་

འབོར་འགྲོ་བར་ཅི་ལན།

ལམ་ལ་བཞད་པའི་མེ་ཏོག

གང་འདོད་འཐུ་ཆོག་པའི།

རྫ་འདབས་ཀྱི་སུ་རུའི་མེ་ཏོག་དེ་དག་དང་མི་མཚུངས་ཏེ།

གལ་སྲིད་མཚུངས་བའི་དབང་དུ་བཏང་ཡང་།

འཁོར་བའི་ཐང་ཆེན་ནས་འགྲེ་ལོག་བརྒྱབ་བརྒྱབ་མཐར།

ཡིད་ཀྱི་ཐབ་ཚང་ལ་དྲོད་ཁོལ་བསྐྱིལ་ཞིང་།

ཉིན་གཅིག་གི་བྱ་བའི་མཇུག་ཀྱང་དེ་ནས་བསྡུ།

གནས་སྐབས་དེར་ཁ་ཞེ་གཉིས་ཀྱི་བར་དུ།

དུས་ཚིགས་ཅི་ཞིག་ཚེས་མིན་སུས་ཀྱང་

ཁ་ཚོད་གཅོད་མི་ནུས་ཀྱང་།

ངའི་རྣམ་ཤེས་སྦྲང་མ་འདྲ་བོ་འཁོར་སའི་ཡངས་

པའི་རྩྭ་ཐང་མཐོང་ཐུབ།

བསྐྱར་ཟློས་ཀྱི་འཚོ་བའི་གྲུ་ཟུར་དེར།

རྟ་ཕོའི་འཚེར་སྐད་རྣ་བར་ལྷུང་།

ཨ་ཕའི་རྟ་ཕོ་རྐྱང་རྒོད་ཡིན་སྣང་གིས།

རྨི་ལམ་ལྟ་བུའི་མངོན་སུམ་དུ་ལན་འགར་ལོག

མུན་པའི་ལྭ་བ་གྱོན་པའི་མི་ཚོགས་ཤིག་གིས།

ཨ་ཕ་དང་རྟ་ཕོ་གཉིས་རྒྱང་རིང་གི་མ་བྱན་དུ་

བཏང་ཚར་རམ།

གང་ལྟར། ངས་རྨི་ལམ་དང་མངོན་སུམ་གྱི་བར་དུ།

ལྐོག་གྱུར་གྱི་རྟ་ཕོའི་རྨིག་སྒྲ་ཞིག་ཐོས་བྱུང་།

  • ལེ་ཚན་སྔོན་མ།:སྒྲ་རྒྱན་གཅོང་རོང་དོག་པོའི་འདར་གླུ།
  • ལེ་ཚན་རྗེས་མ།:མ་ཡི་བརྩེ་དུང་།