ཤམ་བྷ་ལའི་རྨི་ལམ། གྲོགས་དམ་པ་ཟླ་གཞོན་ལ་ཕུལ་བ།

བྲན།        2020-11-30

སྣང་བ་སྤྲིན་དཀར་འཁྲིགས་པའི་ཨ་སྔོན་གྱི་གདན་ལ།།

རིང་ནས་བརྩེ་བའི་ལྷ་མོ་དགྱེས་བཞུགས་རེ་གནང་ན།།

སྣང་སྟོང་ཚོགས་པའི་རོལ་བ་ལས་འཁྲུངས་ཀྱི་ཟླ་ཤེལ།།

ཏིང་འཛིན་མཚོ་མོ་འཕྱུར་བའི་བདེ་སྟོང་གིས་མྱོས་འགྲོ།།

སྲིད་པ་སྣ་ཚོགས་སྒྱུ་མའི་གྲོང་ཁྱེར་གྱི་དབུས་ནས།།

རབ་འབྱམས་རྒྱལ་བ་དགྱེས་པའི་རྡོ་རྗེ་ཡི་གླུ་དབྱངས།།

གཉུག་མའི་གཤིས་ལ་འགུག་པའི་རྣལ་འབྱོར་གྱི་རྩལ་དྲུག།

ཐོབ་པའི་སྐལ་བཟང་ཞིང་གི་ཉི་མ་དེ་ཤར་ན།།

རྟེན་མེད་མཁའ་ལ་འཕུར་བའི་རྒོད་པོ་ཡི་ལས་དབང་།།

དོགས་མེད་དབྱིངས་ཀྱི་སྐུད་པའི་སྣེ་མོ་ནས་སྐྱོམ་བྱུང་།།

བཟོད་མེད་བྱམས་བརྩེ་སྟོང་གི་ཉི་ཟེར་གྱི་ཟེགས་མ།།

འགག་མེད་ཨུཏྤལ་རིག་པའི་སྐྱེད་ཚལ་ལ་ཐོར་བྱུང་།།

རྩེ་གཅིག་བསམ་གཏན་ཟས་ལ་དུས་རྟག་ཏུ་རོལ་བའི།།

གྲུབ་ཆེན་མཁའ་ལྡིང་དབང་བོ་རྒྱང་རིང་ལ་འཕུར་ཚེ།།

སྙིགས་མའི་རང་མཚང་བརྡོལ་བའི་དུས་རབས་ཀྱི་ཀློང་ནས།།

སྐལ་བའི་མེ་རླབས་འཕྱུར་ན་སུ་ཞིག་ནི་མི་འཇིགས།།

ཨེ་མ་ལ་ཧོ་བྱས་བསགས་རི་མོ་ཡི་མདངས་ལ།།

ཚོགས་གཉིས་རྩི་ཡིས་བྱུགས་པའི་མགོན་པོ་དེ་ཕེབས་པས།།

རིན་ཆེན་སེམས་ཀྱི་ལྗོན་པའི་མེ་ཏོག་གི་འབྲས་བཟང་།།

སོ་སོར་དུད་པའི་ཉམས་ལ་མཛེས་སྡུག་གིས་ཁེངས་སོང་།།

རང་མྱོང་འཛིན་པ་རྣམ་རྟོག་སྨག་རུམ་གྱི་ཟླ་གཞོན།།

ཞེ་ཡི་མཚོ་ཁར་ཡོམ་པའི་འཁྲུལ་སྣང་གི་ཀློང་ནས།།

སྒྲིབ་གཉིས་སྤྲིན་ནག་ལྡིང་བས་ཡང་ཡང་དུ་བཀག་ན།།

ང་ཡི་རིག་བྱེད་ལྷ་མོ་ཕེབས་པ་རང་གནང་ངམ།།

ཆོས་བདག་རོ་ལ་ཞེན་པའི་འཁོར་བ་ཡི་གྲོང་ནས།།

བློ་གྲོས་བུང་བའི་འདབ་གཤོག་ག་ཙམ་ཞིག་བསྒྱུར་ཏེ།།

འཁོར་འདས་ཆོས་ཀྱི་རི་མོ་ནང་སེམས་ནས་རྟོགས་ན།།

བརྩེ་བའི་ཞིང་བཀོད་དེ་ནས་མཇལ་རྒྱུ་ཞིག་བྱུང་ངམ།།

སྣང་བ་སྟོང་བར་ཤར་བའི་ངང་ཚུལ་ལས་བརྒལ་ཏེ།།

བདེ་སྟོང་དབྱེར་མི་ཕྱེད་པའི་ངོ་བོ་ལ་ཤར་བའི།།

རྣལ་འབྱོར་རང་གི་རྩལ་གྱིས་འོད་གསལ་ལས་ལྡང་སྟེ།།

མཚན་དང་དཔེ་བྱད་རྫོགས་པའི་སྒྱུ་ལུས་དེ་འགྲུབ་ན།།

སྣ་ཚོགས་མེ་ཏོག་འབྲེལ་བ་རྟེན་འབྱུང་གི་ལང་ཚོ།།

གཅིག་ལ་གཅིག་རྟེན་རྒྱུ་འབྲས་མན་ངག་གི་གན་མཛོད།།

གཉུག་མའི་གཤིས་ལ་འཁོར་བ་གདོད་མ་ནས་མེད་ན།།

ལས་འཕྲོ་ཡོད་ཀྱང་བྱམས་པའི་འཛུམ་དཀར་ནི་མི་མཐོང་།།

ངོ་མཚར་རོལ་བ་འབུམ་གྱི་སྟངས་སྟབས་ཀྱིས་མཛེས་པའི།།

བདེ་སྟོང་གསང་བའི་ལམ་གྱི་འཇུག་ངོགས་ལ་ཞུགས་པར།།

ཁྱེད་ཀྱང་དགྱེས་ལ་ང་ཡང་དགྱེས་པ་རང་མེད་ན།།

སྒྱུ་མའི་བྲོ་གར་འཁྲབ་ལ་བྲེལ་བ་དེས་ཅི་བྱ།།

བུ་མོ་མ་སྐྱེས་ཆོས་ཀྱི་དབྱིངས་རུམ་ལས་འཛུམ་བྱུང་།།

གཞོན་ནུ་གསང་བའི་རྡོ་རྗེ་ཡེ་ཤེས་ཀྱི་གུར་ལས།།

བྱོན་པས་རྟོགས་པ་ཀུན་གྲོལ་སྒྱུ་མ་ཡི་འཇའ་ཚོན།།

འཐམ་འཁྱུད་བདེ་སྟོང་རྫོགས་པའི་ནམ་མཁའ་ལ་ཡལ་བྱུང་།།

ཕྱག་ཞབས་འཁོར་ལོའི་རི་མོ་མཛེས་པ་ནི་མཚོན་ལ།།

སྲིད་ཞིའི་མཚར་སྡུག་རྫོགས་པའི་ལང་ཚོ་ཀུན་སྤུངས་ཀྱང་།།

མཚོན་མིན་རྐང་བྲོ་འཁྲབ་པའི་སྒྱུ་མ་ཡི་གར་ལ།།

སྲིད་པ་ཧྲིལ་བོར་བཤིག་པའི་ཉམས་སྣང་གིས་ཁེངས་ཡོད།།

རྟོགས་པ་ཐོད་བརྒལ་ཡིན་པའི་རྣལ་འབྱོར་གྱི་གླུ་ལ།།

དྲི་ཟའི་སྙན་པ་འཁོར་བའི་ཐོས་འཛིན་གྱི་དབང་བོ།།

འཕྲོག་ལ་འདུ་བྱེད་གཡོ་བའི་སྐད་ཅིག་གི་གློག་འགྱུ།།

སེམས་དབེན་སྣང་བའི་མཁའ་ལ་སིམ་པ་ཞིག་བྱུང་ན།།

སྤྲོས་བཅས་སྤྲོས་མེད་དབྱིངས་ཀྱི་གུར་ཁང་གི་དབུས་ནས།།

ཤིན་ཏུ་སྤྲོས་མེད་སྤྱོད་གསུམ་རྫོགས་པ་རུ་བསྐྱེད་དེ།།

དངོས་གྲུབ་མཆོག་ཏུ་བརྙེས་པའི་ས་མཁན་ཞིག་མིན་ན།།

འགྲོ་དྲུག་སྒྲོལ་ལ་ངལ་བ་བྱེད་པ་འདི་ངལ་ལོ།།

རྩེ་གཅིག་བསམ་གཏན་སྒོམ་ལ་བྱང་ཆ་ནི་མེད་ཀྱང་།།

ཐོས་པ་སྒྲོན་མེའི་འོད་ལ་ཡང་ཡང་དུ་ཆགས་ཏེ།།

རྣམ་དཀར་བསམ་པའི་ཕུང་བོ་དག་གཙང་ཞིག་བཀྲུས་ན།།

དག་པའི་ཉོན་མོངས་སངས་ལ་ཡོན་ཏན་ནི་ལོས་རྒྱས།།

བྱང་ཕྱོགས་ཤམ་བྷ་ལ་ཡི་ཞིང་ཁམས་ཀྱི་སྣོད་བཅུད།།

གཏད་ལ་ཕབ་པའི་ཡིག་ཆ་སྣ་ཚོགས་ཀྱི་ཀློང་ནས།།

རྨི་ལམ་སྣ་ཚོགས་རྨིས་པའི་གྲྭ་རྐྱང་གི་གླུ་འདི།།

སྲེད་པ་བོར་བའི་རྟགས་མིན་རེ་སྨོན་གྱི་གླུ་ཡིན།།

ཐུགས་ལ་རོ་གཅིག་བདེ་བས་ཁྱབ་པ་ཞིག་མེད་ན།།

གསུང་ལ་འགག་མེད་དབྱངས་ཀྱི་སྙན་པ་དེས་ཅི་བྱ།།

སྐུ་ལ་མཚན་དཔེ་སྟོང་གིས་ལྡེམ་པ་ནི་ཡོད་ན།།

ཟུང་འཇུག་ཆུ་ཤེལ་ཟླ་བ་སེམས་ཉིད་དུ་འཆར་ཤོག།

ལུས་སེམས་ལྷིང་ཞིང་འཇགས་པའི་ཁང་བཟང་གི་ཕུ་ན།།

རང་སེམས་གདོད་ནས་གྲུབ་པའི་དཔལ་ཐོབ་གྱི་བུ་ཁྱོད།།

གཅིག་པུར་བཞུགས་པའི་ངང་ཚུལ་དྲན་ཤེས་ཀྱི་རྨུ་ཐག།

ཤཱཀ་ཐུབ་ལྷ་ཡི་ལྷ་དེའི་མདུན་ས་རུ་འཐེན་ཡོད།།

  • ལེ་ཚན་སྔོན་མ།:མེ་ཏོག་དེ་ཁྱོད་ཀྱི་ཡིན།
  • ལེ་ཚན་རྗེས་མ།:བདེན་པར་མ་གྲུབ་པའི་སྙན་ངག