ངའི་སེམས་ཀྱིས་ཁྱོད་ལ་སྙིང་ལགས་ཞེས་ཐེངས་ཤིག་འབོད་ཆོག་པར་ཞུ།

བཙན་མི།        2020-11-18

ད་ནི་བསྒུག་པར་མི་བྱ། བར་ཐག་གི་རི་མོ་

ཁྱོད་ཀྱིས་བྲིས་ཟིན་པ་འདྲ།

སྙིང་དང་མཆིན་པའི་བར་གྱི་རྨི་ལམ།

རླུང་ངོགས་ཀྱི་ཐལ་བ་སྦར་མོ་གང་དུ་འགྱུར་ཉེན་འདུག

འགྱེལ་ཟིན་པའི་དུས་ཚོད་ཀྱི་གྱང་ཆག་སློག་ན།

ཉིན་མཚན་གཉིས་ཀྱི་རིང་།

འདུ་ཤེས་ཀྱི་མེ་ཏོག་ཡོད་ཚད་ཁྱོད་ཁོ་ནའི་

ཕྱོགས་སུ་སྐྱེས།

དེ་ལྟ་མོད།

ཧ་ཅང་རིང་བའི་ཉི་མ་སྒྲུང་ནང་གི་ཉི་མར་གྱུར།

འུ་གཉིས་སྐུད་སྣེ་གཉིས་སུ་བསྡད་ཅིང་།

མིག་དང་མིག་གིས་བཤད་མ་ཐུབ་པར་ལྷག་

སོང་བ་ཡོད་ཚད།

ཇི་ལྟར་བྱས་ཀྱང་ད་ནི་རུལ་མྱགས་སུ་འགྱུར་

བཞིན་འདུག

ཝ་ཡེ།

ཁྱོད་རང་འགྱུར་ལྡོག་འདིའི་གྲིབ་འོག་ནས་

ཕྱིར་ལོག་མེད་ན།

ངའི་སེམས་ཀྱིས་ཁྱོད་ལ་སྙིང་ལགས་ཞེས་

ཐེངས་ཤིག་འབོད་ཆོག་པར་ཞུ།

  • ལེ་ཚན་སྔོན་མ།:ཤེས་རབ་དབྱངས་ལ་འཇིག་པ་མེད།
  • ལེ་ཚན་རྗེས་མ།:རྒྱུ་སྐར་ཁྲོད་ན་ཁྱེད་ཉིད་ཙམ།