ཤེས་རབ་དབྱངས་ལ་འཇིག་པ་མེད།

དབུ་འཇིགས་མེད།        2020-11-18

གཉུག་སེམས་རབ་དཀར་འོ་མའི་མཚོ་ཆེན་ནང་།།

དབྱངས་ཀྱི་སྦྲང་ཆར་སིམ་སིམ་འབབ་པ་དྲན།།

རླུང་བུ་དལ་གྱིས་གཡུག་པའི་དབྱངས་སྙན་ཞིག།

དྭངས་གསལ་སེམས་པའི་ངོགས་སུ་ཡུན་གྱིས་འཁོར།།

དབྱངས་ཅན་ཚིག་གི་རོལ་དབྱངས་སྙན་ཚུལ་ཞིག།

ནང་སེམས་ཤེས་རབ་ཟབ་མོའི་ཁྱད་ཆོས་དོད།།

ཚེ་ཡི་འོད་གསལ་སྒྲོན་མེ་མ་འགགས་ན།།

དེ་སྲིད་ཤེས་རབ་དབྱངས་ལ་འཇིག་པ་མེད།།

དབྱངས་ཀྱི་བྱིན་རླབས་ཉི་ཟླ་ཟུང་འཇུག་ཞིག།།

འཁོར་བའི་མུན་པ་སྐད་ཅིག་ཙམ་གྱིས་སེལ།།

ཚིག་གི་བེམ་གཟུགས་རྟོག་པས་བཏགས་པ་ཞིག།

ཤེས་རབ་ཕྲ་མོ་མ་འགགས་བར་དུ་འབྲི།།

རྣམ་ཤེས་རླུང་གིས་འཁྱེར་བའི་བྱེ་ཐང་ནས།།

ཆོས་ཀྱི་གླིང་བུ་འབུད་པའི་དྲང་སྲོང་གིས།།

དམ་ཆོས་མགུར་མའི་ཚིག་དུམ་ངག་གིས་བླངས།།

བྱིན་རླབས་བདུད་རྩིའི་ཆར་གྱིས་བརླན་པར་བྱས།།

ཐ་སྙད་སྐམ་པོ་འཁོར་བའི་ཐང་ཆེན་ནས།།

དབྱངས་ཀྱི་བྱིན་རླབས་འཁོར་བ་མི་སྲིད་སྙམ།།

མགུར་མའི་རང་ལུགས་མེད་པའི་ལམ་ཕྲན་ན།།

དགའ་སྐྱོའི་མིག་ཆུ་བཞུར་ཡང་མགུར་ཚིག་མེད།།

ཏིང་ཤགས་རོལ་མོའི་དབྱངས་སྙན་གཉུག་སེམས་སྒུལ།།

རྟེན་འབྲེལ་ཆོས་ཀྱི་དབྱིངས་ལ་སེམས་པ་བསྒྱུར།།

སྟོང་ཉིད་ལྷ་མོའི་བྱིན་རླབས་སྙིང་གར་འཐིམ།།

རྣམ་ཤེས་འོད་གྱི་ཐིག་ལེའི་ཞིང་དུ་འདྲེན།།

རྨི་ལམ་ནང་དུ་འཛུམ་པའི་དབྱངས་ཅན་བཞུཊ།།

འཛོམས་པའི་སྐལ་བཟང་བཀྲ་ཤིས་ཉི་མ་ལ།།

ངག་རིག་མཚོ་མོ་འཁྱིལ་བའི་དུས་སྟོན་དུ།།

རྨི་ལམ་ཞིང་ནས་མཇལ་བ་ཡི་རེ་དགའ།།

  • ལེ་ཚན་སྔོན་མ།:མི་ཡུལ་ནས་དཀྲོལ་བའི་གླིང་བུ་དབྱངས་ཀྱི་ཟིལ་བ།
  • ལེ་ཚན་རྗེས་མ།:ངའི་སེམས་ཀྱིས་ཁྱོད་ལ་སྙིང་ལགས་ཞེས་ཐེངས་ཤིག་འབོད་ཆོག་པར་ཞུ།