དྲན་པ་གློ་བུར་མ།

ཀུན་ཁྱབ།        2020-10-30

ཚིག་ལ་སྙན་ཆ་འཁོར་བའི།།

ན་ཆུང་ཡིད་ཀྱི་རྫི་གླུ།།

རྣ་བར་ལྷུང་ཙམ་བྱས་ཚེ།།

སེམས་པ་ཆང་གིས་སྦངས་འདྲ།།

རྫ་རྩེར་སྨུག་སྤྲིན་དཀྲིས་པའི།།

མཐོན་པོའི་རི་ཁུད་དེ་རུ།།

སྣང་བའི་ཡུ་མོ་ཕྱོགས་ཚེ།།

བྱམས་པ་དགྱེས་ཐབས་མི་འདུག།

སྒོ་དར་རླུང་གིས་སྐྱོད་འདྲའི།།

སེམས་པ་ཁྱེད་ལ་ཕྱོགས་ཚེ།།

ཏིང་འཛིན་ཕུབ་པའི་རི་སུལ།།

རྨི་ལམ་ནང་གི་ཞིང་ཁམས།།

ཟླ་བ་ཕར་ལ་བཞུར་བའི།།

དགུང་སྔོན་དབྱིངས་ཀྱི་འཇའ་རིས།།

སྒེའུ་ཁུང་ངོས་སུ་འཁྱུད་ཚེ།།

ཞེ་ལ་དྲན་པས་བརླན་འདུག།

ཆར་བ་ཟིམ་ཟིམ་འབབ་ཅིང་།།

དར་ལྕོག་ལྷོད་ལྷོད་བསྐྱོད་པའི།།

རྨི་ལམ་མེད་པའི་མཚན་མོར།།

གཅིག་པུར་དབྱངས་ལ་འཁྲེང་འདུག།

སྨྱུ་གུའི་གོམ་ཁ་བསྒྱུར་ཏེ།།

ཚིག་ལ་རྒྱན་ཆ་སྤྲས་ཀྱང་།།

རིན་ཐང་རྟོགས་མཁན་མེད་པས།།

རེ་ཞིག་དབྱིངས་ལ་གཟིམས་ཤིག།

  • ལེ་ཚན་སྔོན་མ།:དབུལ་སྐྱོར་གནད་སྨིན་གྱི་སྲིད་ཇུས་ལ་བསྟོད་པ།
  • ལེ་ཚན་རྗེས་མ།:གྲོགས་ལ་སྤྲིངས་པའི་ཀ་རྩོམ།