འཁོར་བའི་འདབས་ཀྱི་རྐྱང་གཞས།

ཁམས་སྨྱུག་གསར།        2020-10-12

ཟླ་གཞོན་འཛུམ་པའི་ལང་ཚོ་འཁུར་བའི་ལྷས།།

བརྩེ་བའི་རྒྱུད་མང་སོར་རྩེར་དྲངས་པའི་རླབས།།

སྲིད་ཞིའི་ཁྱོན་དུ་ཡང་ཡང་རྩེན་མཛད་པའི།།

དབྱངས་ཅན་འཛུམ་པའི་ལྷ་དེར་སྙིང་ནས་གུས།།

ཚོར་བའི་རླབས་ཀྱིས་ཕྱོགས་སུ་སྐྱོད་པ་ཡི།།

ཚིག་གི་དབྱངས་རྟ་འཁྲོལ་བའི་རྣམ་ཤེས་ལ།།

ཐ་སྙད་སྒྱུ་མའི་གཤོག་ཟུང་ཐོགས་པ་ན།།

སྲིད་གསུམ་སྣང་བ་བསླུ་བའི་གར་དུ་བསྒྱུར།།

ལས་ཀྱིས་འཁུར་བའི་མི་ཡུལ་གཙང་བོའི་འགྲམ།།

དགའ་སྐྱོ་ཟུང་གི་ངང་བ་རྩེན་པ་ན།།

འཚོ་བའི་རླབས་རིས་གཡོ་བའི་ངང་ཚུལ་གྱིས།།

ཚིག་གི་འདབ་ལོ་སྐྱོམ་པའི་གཏམ་རྒྱུད་མང་།།

མི་རྟག་ཟ་ཟིས་ངུ་སྐད་འཐེན་པའི་ཁྲོད།།

སྣང་བ་ལྷ་མོའི་རྐང་རྗེས་འཚོལ་བ་ཡི།།

བདག་གི་ལང་ཚོ་ནགས་ཀྱི་བྱ་ཁྱུ་བཞིན།།

ངེས་མེད་རྒྱལ་ཁམས་ཉུལ་བའི་ཚུལ་ལ་སྤྲོ།།

རེ་དོགས་ལྷ་འདྲེའི་ཞལ་ངོ་སྲུང་བ་ཡི།།

བཅོས་མའི་སེང་རས་སྤྲས་པའི་བུ་ཆུང་ལ།།

གྲོང་དང་ལམ་འཕྲང་བརྒལ་བའི་བར་མཚམས་ན།།

བརྗོད་མེད་ཡིད་ལ་འཁོར་བའི་ཡིག་ཕྲེང་གསལ།།

ཚོགས་དྲུག་ཕྱེ་ལེབ་ལྡིང་བའི་ཡིད་ཀྱི་ཁར།།

སྣ་ཚོགས་སྒྱུ་མའི་རོལ་རྩེད་གཡོ་བ་ན།།

དྲན་ཤེས་རླུང་གིས་གསེད་པའི་རྣམ་འགྱུར་གྱིས།།

སྙིང་གི་མེ་ལོང་ངོགས་སུ་ཁྱེད་ཉིད་འཛུམ།།

འདུས་བྱས་འཕྲེད་གླིང་འབུད་པའི་ན་ཆུང་གིས།།

རྨི་ལམ་སྒྱུ་མའི་རང་མཚང་སྟོན་པའི་ཚེ།།

རང་བྱུང་གདོད་ནས་གྲུབ་པའི་མཁའ་དབྱིངས་སུ།།

ཟང་ཐལ་རིག་པའི་གཞོན་ནུ་དགོད་ཅིང་འཛུམ།།

ལས་འབྲས་འཁྲུལ་བ་མེད་བའི་དེད་དཔོན་གྱིས།།

འཁོར་བའི་ཉིན་སྲིབ་ཀུན་ལ་བསྐྱོད་པ་ན།།

རེ་དོགས་འདབ་ལྕེ་སྐྱོམ་པའི་ངལ་དུབ་ཀྱིས།།

ཡིད་བློ་གཏིང་ནས་དགྱེས་པའི་སྐལ་བ་ཆད།།

སྐྱེ་འཆིའི་ཆོས་ཉིད་བརྒལ་བའི་དུར་ས་ན།།

སྣང་བ་ཚིག་གི་རི་མོ་ལ་ཞེན་པའི།།

ཟིན་མེད་འདོད་བའི་བུ་ཆུང་འཚོལ་བ་ཡིས།།

མཐའ་དང་ཟད་དུས་མེད་པས་སྐྱུར་ལ་ཞོག།

ངེས་འབྱུང་རི་སུལ་ལྷ་ཡི་དགའ་ཚལ་དུ།།

ཡིད་ཀྱི་ཏིང་འཛིན་སྤྲས་པའི་ཆོག་ཤེས་ཀྱིས།།

སེམས་ཀྱི་ངལ་དུབ་གསོ་བའི་ཟླ་བའི་བསིལ།།

  • ལེ་ཚན་སྔོན་མ།:ཚིག་ལ་བརྒྱུས་པའི་མིག་ཆུ།
  • ལེ་ཚན་རྗེས་མ།:བཟའ་བཏུང་གི་འགྱུར་ལྡོག