སྟོན་གྱི་ལྷ་མོ་དག་ཞིང་ཡུལ་དུ་བྱོན།

གཡང་མཚོ།        2017-10-09

ས་གཞི་དགའ་མའི་མངལ་ནས་དཔྱིད་དཔལ་ལྗང་མྱུག་འཁྲུངས།།

ནམ་མཁའ་དགྱེས་ཤིང་མིག་ཟུང་ཉི་ཟླ་རབ་བགྲད་ཅིང་།།

ཉིན་མཚན་དབྱེར་མེད་རེས་མོས་རང་གི་སྲོག་བཞིན་སྲུང་།།

སྤྲིན་གྱི་མ་མས་བར་སྣང་ཆུ་འཛིན་ཚོགས་བསྡུས་ཏེ།།

ལྗང་མྱུག་འཁྲུངས་བའི་གཏམ་བཟང་ཀུན་ལ་བསྒྲགས་པ་ན།།

གཡུ་འབྲུག་སྔོན་མོས་བསུ་བའི་གླུ་དབྱངས་ལྡིར་ལྡིར་འབུལ།།

གློག་དམར་དགའ་ནས་བསུ་བའི་སྐོར་བྲོ་འཁྱུག་འཁྱུག་ལྡེམ།།

སྦྲང་ཆར་བསིལ་མས་ལྗང་མྱུག་མ་སྨད་སྐུ་ཁྲུས་གསོལ།།

དྭངས་གཙང་ཟོལ་མེད་མ་ལོའི་པང་ནས་ལང་ཚོ་སྨིན།།

དབྱར་གྱི་དྲོད་ཐིགས་དྲི་མེད་ས་གཞིར་བརྩེ་བས་ལྷགས།།

ལྗང་མྱུག་བུ་ལོར་སྐྱེས་སྟོབས་རྒྱས་ཤིང་རང་མདངས་མངོན།།

སྟོན་གྱི་ལྷ་མོ་རླུང་ལ་སྤྲུལ་ཏེ་བལྟས་པ་ན།།

གོ་ལ་ཡངས་པོར་ལྗང་མྱུག་གསོན་ཉམས་ཅན་ཞིག་མཆིས།།

དུང་བའི་བརྩེ་འཕྲིན་རླུང་བའི་ངག་ནས་ཤུབ་ཤུབ་བཤད།།

སེམས་ཀྱི་དྲན་པ་ཆུ་མོའི་གཞུང་ནས་ཤག་ཤག་གྱེར།།

ལྗང་མྱུག་བུ་ལོས་བརྩེ་སེམས་ཟོལ་མེད་ཡིད་ཀྱིས་བཞེས།།

རྟེན་འབྲེལ་འགྲིག་ལ་བསོད་ནམས་དར་ཞིང་ལོངས་སྤྱོད་འཛོམས།།

སྐྱེས་འགྲོ་ཀུན་དགའ་སྐྱིད་པའི་དཔལ་ལ་རོལ་བའི་དུས།།

ཞེ་སྡང་དགུན་གཞུང་རྟུལ་པོས་དཔུང་ཚོགས་བསྒྲིགས་པས་ན།།

སྟོན་གྱི་ལྷ་མོའི་བང་མཛོད་བཅོམ་པར་གྲོས་འཆམ་སྟེ།།

སད་སེར་གྲི་མཚོན་བཟུང་ནས་འོས་མེད་དཔུང་འཇུག་བྱས།།

ལྗང་མྱུག་བུ་ལོས་ཕར་རྒོལ་དཔུང་ཁག་བཙུགས་འདོད་མོད།།

སྟོན་གྱི་ལྷ་མོས་དག་ཞིང་ཡུལ་དུ་ཁྱིམ་གཞི་སྤོས།།

གཡུ་འབྲུག་སྔོན་མོ་ལྗང་མྱུག་བུ་ལོའི་རྗེས་སུ་བསྙེགས།།

གློག་ཞག་དམར་པོ་དག་ཞིང་ཡུལ་གྱི་འོད་ལྔར་སྤྲུལ།།

སྦྲང་ཆར་བསིལ་མ་དག་ཞིང་ལྷ་མོའི་རྫིང་བུར་འཁྱིལ།།

སྡོང་རྒན་ལོ་མས་གོས་སེར་བསྣབས་ནས་རབ་ཏུ་བྱུང་།།

སྒོམ་བསྒྲུབས་བསླབ་གསུམ་སྦྱང་ནས་དག་ཞིང་ཡུལ་དུ་བྱོན།

སྟོན་གྱི་ལྷ་མོས་སྦྱིན་བདག་མཛད་ལ་ཞབས་ཆུ་ཞུས།།


  • ལེ་ཚན་སྔོན་མ།:སྣང་བའི་ལྷ་མོ།
  • ལེ་ཚན་རྗེས་མ།:སེམས་ཀྱི་གཞོན་ནུ།__ཁོར་ཡུག་གཙང་སྒྲ་པ་ཞིག་ལ།