སྣང་བའི་ལྷ་མོ།

ཐུམ་རྒྱམ།        2017-10-09

དར་མདོའི་མཛའ་གཞས་གང་སར་བྲིས་པའི་མཚན་ལྗོངས་དེར།།

དར་མདོའི་སྐེ་རྒྱན་འོད་དུ་འཚེར་བའི་ལམ་འགྲམ་ནས།།

ལྷ་མོའི་ལག་པ་སྙིང་ལ་གླན་ནས་འཛུམ་ཞིག་ཤོར།།

དར་མདོའི་གྲོང་ལ་ཚོར་བའི་ཆང་ཞིག་བསྙལ་ནས་ཡོང་།།

 

ཆར་བའི་གླིང་ན་འཛུམ་གྱིས་བསླས་པའི་སྙིང་གཏམ་ཞིག།

རྐང་ཆུང་ལེབ་མོའི་གཤུབ་འགྲོས་ཁྲོད་ན་ཐག་སྒྲ་ཞིག།

སྣང་བ་འོད་ཀྱིས་གསེར་ཟམ་སྟེང་ནས་འདྲ་ཞིག་བླངས།།

ལྷ་མོའི་ལང་ཚོའི་མེ་ཏོག་དཔལ་ལ་མཆི་ཞིག་བཏོད།།

 

དངུལ་གྱི་རྣ་ལུང་སིལ་སིལ་དཀྲོལ་བའི་ལྷ་མོ་དེ།།

ཆུ་མོའི་རླབས་ཀྱི་རྒྱུན་དང་འདྲེས་ནས་རིང་དུ་ཕྱིན།།

ཁེར་རྐྱང་ངེས་མེད་རླུང་གིས་ཁུར་བའི་སྟོན་ལོ་སྟེ།།

རེ་ཞིག་སྣང་བའི་དབྱིངས་སུ་སྤུར་ནས་ས་ལ་ལྷུང་།།

 

གཞོན་ནུ་དེ་ཡི་རྣམ་ཤེས་ཐོར་བ་ཅི་ཁག་ཨང་།།

ལྷ་མོ་ཞིག་ནི་ཕྱིར་མིག་དེ་ལ་ཐོགས་བཞིན་དུ།།

ཞོགས་པའི་མཚམས་སྤྲིན་གོས་སུ་གྱོན་ནས་འགྲོ་ཤུལ་ནས།།

ཡོད་ཡོད་སྙམ་པའི་ཚོར་བའི་སྣེ་ན་མེ་ཏོག་བཙུགས།།

 

ལྷ་མོ་དེ་ནི་འགྲོ་རོགས་མེད་པའི་རྐང་ཐང་ཞིག།

དྲན་པ་ལ་མོའི་སྙིང་ལ་འཛེགས་པའི་རྨི་ལམ་ཞིག།

ལན་གཅིག་ལན་གཉིས་ཕྱིར་མིག་ཁྲོད་ཀྱི་འཆར་སྣང་ཞིག།

ཐེངས་གཅིག་ཐེངས་གཉིས་རྨི་ལམ་ཁྲོད་ཀྱི་འཛུམ་ཀོང་ཞིག།


  • ལེ་ཚན་སྔོན་མ།:མ་ཡུམ་ལགས་ཁྱེད་རང་དྲན།
  • ལེ་ཚན་རྗེས་མ།:སྟོན་གྱི་ལྷ་མོ་དག་ཞིང་ཡུལ་དུ་བྱོན།