ཤིན་ཏུ་འཁྱག་པའི་སེམས་པ།

        2020-08-20

དྲོད་ལམ་ལམ་གྱི་སྙིང་ཤ་ལེབ་མོའི་བར་ན།

ལོ་ཟླ་འཛུམ་མོར་རྩི་ཞོར།

ལག་པའི་ཕྱ་ཤུན་ནང་ཤུན་གྱིས་གཉོར་ཏེ།

སེམས་པ་ཆུང་ཆུང་འདིའི་གྲུ་ཟུར་ནས་ཡོལ་དུས།

ས་སྲོད་ཅིག་ལ་ཡིད་ཀྱི་མཆི་མ་བརླན་ནས།

འཇིག་རྟེན་གྱི་དགའ་མ་ལགས།

ང་ཅི་འདྲིའི་ཡིད་དུ་འོང་ཨང་།

མཚན་མོ་སྐར་མ་དག་ངུ་བཞིན་བཞུད་འགྲོ་བ།

ངས་འཇིག་རྟེན་ལ་སྙིང་ཉེ་དྲགས་པའི་ཡིན་ནམ།

སྨིག་རྒྱུ་དཀར་དམར་རྒྱུ་བཞིན་གཙང་

འགྲམ་ཞིག་ན།

ཟིལ་བ་རྡོག་གཅིག་ལྟ་བུའི་ང་རང་གིས།

སེམས་པ་ཆུ་འཁྱག་འདི་རུ་འཇུ་ཐེངས་རེ་ཡིས།

གཅེས་ཕྲུག་མ།

ང་ཡི་འཛུམ་ཆུང་སྙི་མོ་འདིའི་ཕར་ནང་ལ།

རང་གི་རྨི་ལམ་གྱི་མིག་མཆུ་ཆེམ་ཆེམ་བཞུར།

ཁ་བྲལ་སོང་བའི་མུ་ཏིག་ནི།

མེ་ལོང་ནང་གི་སྙིང་ཉེ་འཚོལ་བཞིན།

ངང་བ་ཆ་གཅིག་ལ་མདའ་ཕོག་པ་ལྟར།

ཟུར་མིག་དང་མཆུ་སྒྲོས་ཀྱིས་སྙིང་གར་རེག་རྗེས།

ལྷིང་འཇགས་ཀྱི་མཚོ་འགྲམ་དེར་འཁུན་སྒྲ་མང་

དུ་བཞག་ནས།

ང་རང་རྣོ་ལྕགས་ཀྱི་རྩེ་རུ་མེ་ལ་བསྒྲོན་སོང་།

༼ གངས་ཟེགས། ༽


  • ལེ་ཚན་སྔོན་མ།:བྱམས་པར་ཞུ་གསོལ།
  • ལེ་ཚན་རྗེས་མ།:ཀ་རྩོམ་སེམས་ཀྱི་སྐུལ་མ།