ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་པས་ཡོངས་བསྒྲགས་འཕྲིན་ཡིག་སྤེལ་བ།

        2020-07-30

    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གསར་འགྱུར་ལ་གཞིགས་ན། ཟླ་7ཚེས་24ཉིན། ཧོ་སི་ཏུན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་གིས་ཚེས་24ཉིན་གྱི་ཕྱི་དྲོར་གཞུང་གི་དྲ་ཚིགས་ཐོག་ནས་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་པ་ཚའེ་ཝེས་ཨ་རིའི་ལྷོ་རྒྱུད་ས་ཁུལ་གྱི་ལས་རིགས་ཁག་གི་གྲོགས་པོ་ཚོར་སྤྲིངས་པའི་ཡོངས་བསྒྲགས་ཡི་གེ་སྤེལ་ཡོད། སྤྱི་བསྒྲགས་ཡི་གེའི་ནང་། ཨ་རི་ཕྱོགས་རྐྱང་པས་གློ་བུར་དུ་ཀྲུང་གོ་ཕྱོགས་ལ་ཧོ་སི་ཏུན་དུ་བཅའ་སྡོད་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་གི་སྒོ་རྒྱག་དགོས་པའི་བླང་བྱ་བཏོན་པ་དེ་ནི་རྐང་བཙུགས་ནས་ཀྲུང་ཨའི་འབྲེལ་བར་གཏོར་བརླག་གཏོང་བ་རེད། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ངོ་བོ་ནི་གཉིས་ཕན་མཉམ་རྒྱལ་ཡིན་ཞེས་བཤད་ཡོད།  
    ཡོངས་བསྒྲགས་འཕྲིན་ཡིག་ནང་། ཟླ་7ཚེས་21ཉིན། ཨ་རི་ཕྱོགས་ཀྱིས་ཕྱོགས་རྐྱང་པས་དོན་རྐྱེན་བསླངས་ཏེ་གློ་བུར་དུ་ཀྲུང་གོ་ཕྱོགས་ཀྱིས་ཧོ་སི་ཏུན་དུ་སྡོད་པའི་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་གི་སྒོ་རྒྱག་དགོས་པའི་བླང་བྱ་བཏོན། ཨ་རི་ཕྱོགས་ཀྱི་བྱེད་སྟངས་འདི་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལས་ཚབས་ཆེན་འགལ་ཡོད་ལ། ཀྲུང་གོ་དང་ཨ་རིའི་གཞུང་ཚབ་དོན་གཅོད་ཆིངས་ཡིག་གི་འབྲེལ་ཡོད་གཏན་འབེབས་དང་ཚབས་ཆེན་འགལ་ནས་བསམ་ངན་ཁོག་བཅུག་གིས་ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བར་གཏོར་བཤིག་བཏང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་དེར་རྒོལ་གཏམ་དྲག་པོ་གཏོང་རྒྱུ་མ་ཟད་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་བཤད། 
    ཡོངས་བསྒྲགས་འཕྲིན་ཡིག་ནང་། ཀྲུང་གོ་དང་ཨ་རི་གཉིས་ཀ་རླབས་ཆེན་གྱི་རྒྱལ་ཁབ་རེད། ཀྲུང་གོ་དང་ཨ་རིའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་41འཁོར་བའི་ལོ་རྒྱུས་ལས་ཀྲུང་གོ་དང་ཨ་རི་མཐུན་ན་གཉིས་ཀར་ཕན་པ་དང་། འཐབ་ན་གཉིས་ཀར་གནོད་པ་གསལ་པོར་ཤེས་ཐུབ། ཀྲུང་གོ་དང་ཨ་རི་བར་གྱི་འབྲེལ་བའི་ངོ་བོ་ནི་གཉིས་ཕན་མཉམ་རྒྱལ་ཡིན་ཞིང་། ཕྱོགས་གཉིས་པོས་གདོང་ཐུག་དང་འགྲན་རྒོལ་མི་བྱེད་པ་དང་། ཕན་ཚུན་བརྩི་འཇོག  མཉམ་ལས་མཉམ་རྒྱལ་བྱས་ཏེ། ཐུན་མོང་ཐོག་མཐུན་སྦྱོར་དང་མཉམ་ལས། བརྟན་ལྷིང་བཅས་རྩ་བའི་དགོངས་གཞི་བྱེད་པའི་ཀྲུང་ཨའི་འབྲེལ་བར་སྐུལ་འདེད་གཏོང་དགོས་པ་བཤད།  
    ཡོངས་བསྒྲགས་འཕྲིན་ཡིག་ནང་། ཧོ་སི་ཏུན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་ནི་ཀྲུང་ཨའི་དབར་ཕྱི་འབྲེལ་བཙུགས་རྗེས་ཀྲུང་གོ་ཕྱོགས་ཀྱིས་ཨ་རིར་བཙུགས་པའི་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་ཐོག་མ་དེ་རེད། ལོ་ངོ་40ལྷག་གི་རིང་། སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་གིས་ཀྲུང་ཨའི་ལས་རིགས་ཁག་དབར་ཕན་ཚུན་ཤེས་རྟོགས་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་ཞིང་། ཕྱི་འབྲེལ་གཞུང་ཚབ་མི་སྣ་རབས་རེ་རེ་ཀྲུང་ཨའི་མཛའ་བརྩེ་ཟབ་ཏུ་གཏོང་བའི་བླ་ན་མེད་པའི་བྱ་གཞག་ནང་ཧུར་ཐག་ཞུགས་པ་བརྒྱུད། ཨ་རིའི་ལྷོ་རྒྱུད་ཀྱི་སྤྱི་ཚོགས་ལས་རིགས་ཁག་གི་ཁས་ལེན་གང་ལེགས་དང་བསྔགས་བརྗོད་ཆེན་པོ་ཐོབ་ཡོད་པ་བཤད། 
    ཚའེ་ཝེས་འཕྲིན་ཡིག་ནང་། ཁོང་གིས་ལས་ཀ་བྱེད་རིང་ཨ་རི་ལྷོ་རྒྱུད་ས་ཁུལ་གྱི་མི་དམངས་ཀྱི་སྤྲོ་སེམས་འཁོལ་ཞིང་མཛའ་བརྩེ་ལྡན་པ་དང་། ལས་ལ་བརྩོན་ཞིང་བབ་ཆགས་པ། དཀའ་ངལ་ཉེན་ཁ་ལ་མི་སྐྲག་པ། གསར་གཏོད་ཡར་བརྩོན་བཅས་ཀྱི་གཤིས་རྒྱུད་ཚོར་ཡོད་ཅིང་། འདི་འདྲའི་སེམས་ཤུགས་དང་ཁྱད་ཆོས་ནི་ཀྲུང་གོའི་མི་དམངས་དང་དབུགས་ལམ་མཉམ་གཏོང་ཡིན། “སླད་ཕྱིན་ས་ཆར་གང་དུ་ཡོད་ཀྱང་། ངས་ཀྲུང་གོ་དང་ཨ་རིའི་ལྷོ་རྒྱུད་ས་ཁུལ་གྱི་མི་དམངས་དབར་གྱི་མཛའ་གྲོགས་སྤེལ་རེས་དང་མཉམ་ལས་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན”ཞེས་བཤད། 
    མཇུག་ཏུ་ཚའེ་ཝེས་འཕྲིན་ཡིག་ནང་། ཀྲུང་གོ་སྲིད་གཞུང་དང་ཨ་རིའི་ལྷོ་ཕྱོགས་ས་ཁུལ་བར་གྱི་སྤེལ་རེས་མཚམས་འཇོག་མི་སྲིད་པ་དང་། ཕྱིར་སྡོད་ཀྲུང་གོ་བ་ལ་ཞབས་ཞུ་མཚམས་འཇོག་མི་སྲིད། ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྲུང་གོ་དང་ཨ་རིའི་ལྷོ་རྒྱུད་ས་ཁུལ་བར་གྱི་མཛའ་མཐུན་མཉམ་ལས་དང་གཞུང་ཚབ་དོན་གཅོད་ལས་སྒོའི་ཐད་བཀོད་སྒྲིག་འོས་འཚམ་བྱས་ཡོད། “ཀྲུང་ཨའི་མི་དམངས་ཀྱི་མཛའ་འབྲེལ་ཆད་མི་སྲིད། ཀྲུང་ཨའི་མཛའ་གྲོགས་མཉམ་ལས་ཀྱི་འོད་ཟེར་ལྡན་པའི་མདུན་ལྗོངས་ནི་མི་སུ་ཞིག་གིས་ཀྱང་བཀག་འགོག་བྱེད་མི་ཐུབ”ཅེས་བཤད་ཡོད། 

  • ལེ་ཚན་སྔོན་མ།:ཨ་རིས་ཀྲུང་གོའི་དངོས་ཚན་11“དངོས་ཚན་གསལ་ཐོའི”ནང་བཅུག་པར་ཀྲུང་གོ་ཕྱོགས་ཀྱིས་ལན་སློག་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།