སང་ཉིན་དུས་ཐོག་ཏུ་འཆར་སྲིད་དམ།

བུ་ཚེ་རིང་རྒན་པ།        2020-07-16

གལ་ཏེ་སང་ཉིན་དུས་ཐོག་ཏུ་འཆར་རྒྱུ་ཡོད་ན།

ངས་མེས་པོ་ཟེར་བའི་བློ་ཤེས་ཅན་གྱི་གནའ་མི་དེ་ཚོས།

གཡུང་ལ་ཕབ་པའི་གཡག་རྒོད་ཞིག་གི་སྒལ་་སྟེང་ལ་

བསྡད་དེ།

དབྱངས་གསལ་སོ་བཞིས་གྲུབ་པའི་ནོར་ལུག་གི་ཁྱུ་ཚོགས།

ཕ་ས་འདྲ་བའི་རྩྭ་ཐང་ཡངས་མོ་ཞིག་ཏུ་འཚོས་བཞིན།

མི་རོ་རྩེད་སྒྲུང་ངམ་གླིང་སྒྲུང་སྙན་ཞིག་ཀློག་གིན།

ཤ་ཤེད་རྒྱས་པའི་ནོར་ལུག་གི་ཁྱུ་ཚོགས་ལ་བལྟས་ནས།

བློ་ཡིད་ཚིམ་པའི་མགོ་ལྕོག་ལྡེམ་ལྡེམ་གྱི་ཁྲོད་དུ།

སེམས་པ་དགའ་བའི་གླུ་ཆུང་ཞིག་ཀྱང་ལེན་སྲིད།


གལ་ཏེ་སང་ཉིན་དུས་ཐོག་ཏུ་འཆར་རྒྱུ་ཡོད་ན།

ངས་གངས་རི་འདྲ་བའི་རྐྱང་རྒོད་ཞིག་ལ་བཅིབས་ཤིང་།

ཕ་ས་དྲོན་མོའི་ས་མཐའ་རིང་མོ་ནས་བསྐོར་རྗེས།

ཚར་སློག་རལ་པ་ཅན་གྱི་བྱིས་པ་ཁྱུ་ཞིག་གི་མདུན་དུ།

སྲོང་བཙན་དང་ཐུ་མི་ཟེར་བའི་སྙིང་ལ་རུས་པ་ཅན་

གྱི་གནའ་མི་མང་པོའི།

ཉི་མ་དང་ཟླ་བ་འདྲ་བའི་གཏམ་རྒྱུད་མང་པོ་གླེང་སྲིད།

དེ་དུས་གཡའ་དག་པའི་ནམ་མཁའི་འོག་ཏུ།

མཐའ་ཡས་པའི་རྩྭ་ཐང་གི་སྟེང་ན།

སུ་ཞིག་གི་རང་གཤིས་མ་དོར་བའི་ངའི་འབྲོག་ཁྱི་ལ་བོས།

གཡང་དཀར་དང་ནོར་ནག་ལ་སྡང་བའི་འཕར་སྤྱང་

རྒྱང་རིང་ལ་སྐྲད་སྲིད།


གལ་ཏེ་སང་ཉིན་ཟེར་བ་ནམ་ཡང་འཆར་རྒྱུ་མེད་པའི་

སང་ཉིན་ཞིག་ཡིན་ཚེ།

ངས་མེ་ཏོག་འདྲ་བའི་གཏམ་རྒྱུད་མང་པོ་གཡས་གཡོན་

དུ་སྤུངས་ཤིང་།

མཁའ་ལྟར་ཡངས་པའི་སེམས་འདུན་མང་པོ་སྔས་

སུ་བཅོལ་ལ།

རང་སེམས་སྦྲང་མ་འདྲ་པོ་འདུན་པའི་འཇའ་ཚོན་

ལ་འཁྱུད་དེ།

དྲན་པས་བཞེངས་པའི་བར་སྣང་ཞིག་ཏུ་ཁུ་སིམ་ལ་

ཡལ་འགྲོ།

           

  • ལེ་ཚན་སྔོན་མ།:དབྱངས་ཅན་ཟླ་བ།
  • ལེ་ཚན་རྗེས་མ།:ཀ་རྩོམ་དབྱངས་ཀྱི་མཆོད་པ།