ལོ་ཟླ་བཞུར་བའི་རླབས་སྒྲ།

ཁམས་སྨྱུག་གསར།        2020-07-08

རང་བྱུང་འོད་ལྔའི་གུར་ཁྱིམ་རྒྱས་པའི་འོག་མིན་ལྷ་ཡི་དགའ་ཚལ་ནས།།

དཀར་མཛེས་འཛུམ་པའི་ཞལ་གྱི་ཀུ་མུད་རྣམ་པར་བཞད་པའི་ངང་ཚུལ་གྱིས།།

བརྩེ་བའི་རོལ་དབྱངས་ཕྱོགས་སུ་འཁྲོལ་བའི་ངག་གི་དངོས་འགྲུབ་སྩོལ་བའི་ལྷ།།

བདག་མགྲིན་པདྨའི་གདན་དུ་ཉེར་བྱོན་ན་ཆུང་དགྱེས་པའི་རམ་འདེགས་མཛོད།།

དགའ་སྐྱོའི་སྣང་བ་གླུ་རུ་ལེན་མཁས་སྒེག་ལྡན་སྙན་ངག་དྲི་ཟའི་གླུ།།

དབྱངས་སུ་གྱེར་བའི་ཡིད་ཀྱི་མཁའ་ནས་རྟོག་པའི་རྦ་རླབས་རྩེན་པའི་གར།།

མ་བཅོས་མགྲིན་ཆུའི་ཟིལ་བ་ཐོར་བའི་སྨྱུ་གུའི་རྩེ་ནས་མངོན་པའི་ཚེ།།

སྣོད་བཅུད་སྣང་སྲིད་གཡོ་བའི་ཆོས་ཀུན་ངག་རིག་འཇོ་བའི་གྲོགས་སུ་བསྒྱུར།།

མཐའ་མེད་ནམ་མཁའི་རྒྱུ་སྐར་འོག་ནས་གཅིག་པུར་རྒྱུ་ཞིང་གནས་པ་ན།།

བདེ་སྡུག་ཚོར་བའི་རི་དྭགས་འདེད་པའི་ཚོགས་དྲུག་བུ་ཆུང་རྒྱུ་བའི་རྗེས།།

དྲན་པའི་སྐར་མདའ་ཅི་དགར་རྒྱུ་བའི་ཡིད་ཀྱི་གཙང་བོ་ཡོམ་པ་ཡིས།།

སྙན་ཚིག་དབྱངས་ཀྱི་རླབས་སྒྲ་དཀྲོལ་ཞིང་ཐ་སྙད་པདྨའི་འདབ་མ་སྐྱོམ།།

རྣམ་རྟོག་ལྷ་འདྲེའི་གར་སྟབས་གཡོ་བའི་མི་སེམས་སྒྱུ་མའི་སྣང་བ་ལས།།

མཛེས་སྡུག་ལང་ཚོའི་འཇའ་ཚོན་འཚོལ་བའི་རྣམ་གཡེང་བདུད་གྱི་སྒུལ་ཤུགས་ཀྱིས།།

དལ་འབྱོར་གྲུ་ཆུང་དོན་མེད་རྫོགས་པའི་འཆི་བདག་ཕྱི་མའི་གྲོང་ཁྱེར་ན།།

མི་རྟག་གཞས་ཆུང་དབྱངས་སུ་གྱེར་བའི་འཇིགས་སྣང་དེ་དག་སུ་ཡིས་བཟོད།།

ཏིང་འཛིན་ལྷ་ཡི་གུར་ཆུང་ཕུབ་པའི་དྲང་སྲོང་དགྱེས་པའི་དགའ་ཚལ་ནས། །

ཟད་མེད་སེམས་ཀྱི་རྩི་བཅུད་རྟེན་པའི་བྱ་བཏང་རྣལ་འབྱོར་ལྷ་ཡི་ཚོགས།།

ཟང་ཐལ་རིག་པའི་བུ་ཆུང་འཚོལ་བའི་གདོད་མའི་རྒྱལ་སར་བསྙེག་པའི་ཚེ། །

ཟག་མེད་ཡིད་གྱི་དགའ་བའི་ལོངས་སྤྱོད་རྟག་ཏུ་ཐོབ་པར་སུ་མི་སྤྲོ།།

རེ་དོགས་འཁོར་བའི་རྙི་རུ་ཚུད་པའི་རང་སེམས་ཕྱེ་ལེབ་འཕུར་ལྡིང་གིས། །

ལོ་ཟླ་བུ་མོའི་འགྲོས་ཀྱི་ཤུལ་ན་ཞེན་ཆགས་འཚོ་བའི་སྒྲུང་གཏམ་དག།

ཡིད་ཀྱི་མཁའ་རུ་ལན་འགར་རྩེན་པའི་འདས་དོན་འཚོལ་བའི་རྒན་པོའི་གཟུཊ།།

དེ་རིང་འདི་ན་དངོས་སུ་མཐོང་བའི་སྣང་བརྙན་འདི་ཀོ་ཡ་རེ་ང་།།

ཕྱུག་བདག་བཙན་པོའི་མཁར་ཤུལ་དེ་ན་འཇག་སྐྱ་རླུང་གིས་ལྡེམ་པ་ཡིས།།

སྨྲེང་གཞས་ཐན་ཐུན་ཅི་དགར་འཐེན་པའི་མི་རྟག་བུ་མོ་རྩེན་པའི་གར།།

མི་སྡུག་རྩྭ་སྐྱའི་རལ་བ་འཕྱང་བའི་ན་བུན་སྨིག་རྒྱུའི་གྱང་ཁ་ནས།།

དངོས་སུ་མཐོང་བའི་གཟུཊ་བརྙན་དེ་དག་འགྱུར་མེད་དངོས་པོའི་གཤིས་སུ་རྟོགས།།

བདག་གི་རྟོག་པའི་ངང་བ་གཡོ་བའི་དྭངས་བསིལ་ཡིད་ཀྱི་གཙང་བོ་ལས།།

སྲིད་ཞིའི་མཛེས་སྡུག་སྨྱུག་རྩེར་བསྒྱུར་ཚེ་ལྷ་འདྲེ་དགོད་པའི་ཆོ་འཕྲུལ་གྱིས། །

ཚོར་བའི་སྲོག་གི་སྙིང་རྩ་གཡོས་ཤིང་སྙན་ཚིག་རྒྱུད་མངས་དཔྱིད་ཀྱི་རླུང་།།

ཅི་དགར་རྒྱུ་བའི་རླབས་ཀྱི་རི་མོ་འདས་དོན་འཚོལ་བའི་རྟེན་དུ་འཇོག།



  • ལེ་ཚན་སྔོན་མ།:སེམས་ངོགས་ཀྱི་རི་མོ་གཡས་འཁྱིལ།
  • ལེ་ཚན་རྗེས་མ།:ཕྱིར་དྲན།