ཕྱིར་དྲན།

ཙ་ཡུས་བཟོད་པ།        2020-07-10

འདས་སོང་ལོ་ཟླ་མང་བོ་ཁད་ཀྱིས་བཞུད།།

ཡལ་མེད་ཚོར་འདུ་སྔར་བཞིན་དུང་ཤ་ལེར།།

བསྐྱར་ཟློས་མི་དགོས་ཚོར་བའི་འཇིངས་ན་གསལ།།

འགྱུར་མེད་མཛའ་གཅུགས་ཟབ་མོ་བྲག་ལས་སྲ།།


གློ་རྡེག་འཕྲད་པའི་དུང་བ་ཐལ་དྲགས་རྐྱེན།།

སྨྲ་ལྕེ་རྒོད་པོའི་རྩལ་རྩ་ཁད་ཀྱིས་འཇགས།།

རེ་ཞིག་གླེང་སློང་དབེན་པའི་བར་གླགས་དེར།།

ཁོ་བོའི་འདས་དོན་ཐན་ཐུན་གླེང་གཞིར་བཞག།



ཚོད་བགམ་དབེན་པ་སྣང་ཞེན་ཁམས་ན་གསལ།།

ཞེན་དཀར་བྱེད་ལས་བར་ཁྱད་ལྷག་ཏུ་མཆིས།།

གང་སྨྲ་ཅི་འདོད་མོས་པའི་ཡུལ་ན་འཁྱམས།།

སེམས་འཁུལ་ཁྲོད་ནས་ཁྱོད་དང་འུ་གཉིས་མགུ།།



རང་ཉིད་འཁྱེར་སོ་གཞིར་བཞག་སྟེང་ནས་བསྙད།།

སྤྱོམས་ངོམ་ཡེ་ནས་བྲལ་བའི་ངང་ཚུལ་ལས།།

བྱ་གཞག་སྤོབས་པས་གཞལ་བའི་དམ་བཅའ་བརྟན།།

འདི་ཀོ་ལས་ལ་དཔའ་སྤོབས་ངང་གིས་འཁོར།།



རང་ནུས་འཇོན་ཐང་སྣང་དོགས་མེད་པར་གློད།།

འོག་འགྱུའི་དྲི་ཙམ་དབེན་པའི་ཁམས་ན་སིམ།།

འདི་སྐད་བྱེད་ལས་དྲན་གསལ་ངོས་སུ་བརྐོས།།

བཞུད་སྟངས་འདི་ནི་འུ་གཉིས་ལས་སྐལ་ཉིད།།



འཕྲད་ཡུན་གོ་སྐབས་ཧ་ཅང་ཕྲ་ན་ཡང་།།

སྔར་བྱས་མཉམ་སྐྱོད་དམར་བོའི་གསེང་ན་འགུལ།།

ཁ་ཡིག་འདི་ཡིས་བཏེགས་པའི་ལོ་དང་ཟླར།།

འགྱུར་མེད་རི་མོ་གཡུང་དྲུང་བཞིན་དུ་འཛུམ།།



ཕྱི་རོལ་མྱོང་རྟོག་གསོང་བོའི་ལམ་ལ་དྲངས།།

གཉུག་གཤིས་དང་མའི་འབེལ་མཆིད་ལྷུག་པོར་བརྗོད།།

རང་ཉིད་འཁྱེར་སོའི་བཞུད་སྟངས་གཤའ་མ་དེ།།

ཁྱོད་དང་འུ་གཉིས་ཁམས་ཀྱི་རྒྱགས་ཕྱེ་གྱུར།།



རེ་བའི་རྨི་ལམ་སྤོབས་པའི་ཀློང་ན་འཛུམ།།

གཟིར་མེད་འཚོལ་སྙེག་སྨོན་པའི་ཡུལ་དུ་གྱུར།།

ལང་ཚོ་མངོན་དུ་ཤར་བའི་ཁྱོད་དང་ང་།།

འཕྲལ་ཕུགས་ཀློང་ན་ཚིམས་པའི་ད་ལན་སྤྲོ།།

  • ལེ་ཚན་སྔོན་མ།:ལོ་ཟླ་བཞུར་བའི་རླབས་སྒྲ།
  • ལེ་ཚན་རྗེས་མ།:སྨུག་ཞག་ཁྲོད་ཀྱི་ཕ་ཡུལ།