མགུར་ཐུང་སྐྱོ་ཤེས་མ།

རྫ་སྐྱེས་ཕུར་བ།        2017-08-16

མགུར་ཐུང་སྐྱོ་ཤེས་མ།

ལུས་ཙན་དན་ནགས་མའི་ཡལ་ག་ནས་མ་སྨིན།།

སྐྱིད་ཚ་གྲང་འཐབ་པའི་དབྱར་དགུན་གྱི་འགྱུར་ལྡོག།

ལོ་ན་ཚོད་འགྲོས་ཀྱིས་རྒས་གཉེར་ལ་བཏགས་པ།།

བཤད་ཅི་དགོས་ཆོས་ཉིད་བ་མོ་ཁོས་ལན་ནོ།།

 

སེམས་མགྱོགས་པའི་རྟ་ལ་ལྕག་ཚན་གྱིས་བྲབས་ན།།

ལུས་ཡར་ཡོར་ལྕི་བས་ཟིན་ཐབས་རང་མི་འདུག།

ཕྱི་སྤང་ལྗོངས་མེ་ཏོག་མཛེས་སྡུག་གི་གདན་ལ།།

ཐེངས་ལན་གཅིག་འོང་བས་ལྟད་མོ་ལ་གཡེང་འགྲོ།།

 

མཐའ་མི་མངོན་རི་བོའི་ཕར་ནང་གི་མཛེས་པ།།

མིག་ཧྲིག་ཧྲིག་ལྟད་མོའི་ལོངས་སྤྱད་ལ་གང་འབྱོར།།

གཤིས་གཉུག་མའི་གཏམ་ལ་འཕར་ཆག་ཏུ་བྲིས་པས།།

ཕྱོགས་དེ་ཀར་རླུང་བུ་ཡམ་ཡོམ་རེ་ཨེ་ལྡང་།།

 

བཞིན་གེ་སར་དཔལ་མོ་རྒས་ཉམས་ཀྱིས་གཙེས་ཤིང་།།

འཛུམ་དུང་གི་བུམ་ཆུང་ཆག་གྲུམ་གྱིས་འཇིགས་ན།།

རྩ་དབུ་མའི་སྟེང་གི་པད་སྡོང་ཞིག་སྐམ་པར།།

བློ་གཏིང་ནས་འགྱོད་ཨང་རྒྱང་རིང་གི་ཞེ་མཐུན།།

 

ཞལ་པད་མོ་བཞད་པའི་མཛེས་སྡུག་གི་དཔལ་ལ།།

ལག་སྙིམ་པའི་མེ་ཏོག་ཞེ་འདང་གིས་བཏེགས་ནས།།

སྔོན་གཅིག་ཏུ་བཏབ་པའི་བག་ཆགས་ཀྱི་མཚར་སྣང་།།

བརྗེད་མེད་དོ་བརྩེ་བའི་དབུ་ཁྱུད་དུ་བཞེངས་ཡོད།།

 

ཡར་སྤྲིན་རིས་འཁྱུག་པའི་བར་སྣང་ལ་བལྟས་ཚེ།།

ཕྱོགས་གང་སྣང་སྐྱོ་བའི་བརྡ་ལན་དུ་གོ་འོང་།།

ལས་འདི་ཀོ་མ་དག་སྨུག་སྤྲིན་གྱི་ཕང་ཕུང་།།

རྐྱེན་སྣ་ཚོགས་འདུས་པའི་རི་རྩེ་ན་འཁྲིགས་བཞག།

 

དྭངས་གསལ་ལ་ལྡེམ་པའི་མཚོ་ཆུང་གི་གམ་ནས།།

བྱ་ངང་ངུར་རྩེན་པའི་གཤོག་འགྲོས་ལ་གྱེར་གྱིན།།

ཁྱོད་བཞུགས་པའི་རི་ལ་རྒྱང་ལྟ་རེ་ཤོར་བ།།

ནང་སྐལ་ལྡན་ཡིད་ཀྱི་མགུར་མ་ལ་བརྒྱུས་བཞག།

 

ཡིད་གཞུང་པའི་ཀུན་གཞི་མེ་ལོང་གི་ནང་དུ།།

ཆབ་དཀར་གཙང་འོ་མ་མཆོད་བཤམ་ལ་བགྱིས་ན།།

བརྗེད་མི་ཉན་ཆུང་སྐྱེས་ཚོགས་ཞིང་གི་རི་ནས།།

སྤྱན་མོས་པའི་གཟིགས་ཕྱོགས་ང་རང་ལ་གནང་དགོས།།

 

རྐྱེན་རླུང་བུ་ཞོན་པའི་ཆོས་ཉིད་ཀྱི་འདྲེ་དེ།།

གཏན་མི་གཡོ་གཤིས་ཀྱི་གས་བསེབ་ནས་འཚངས་ཏེ།།

མཐར་ཡོད་ཚད་རླུང་གི་དཀྱིལ་འཁོར་དུ་གཏོར་བ།།

མ་འདུས་བྱས་ཡིན་པའི་ཚོགས་ཞིང་དུ་འབྲི་འོ།།

 

བློ་ལང་ལོང་སྤྲིན་པ་ཤར་ནུབ་ན་རྒྱུགས་ཀྱང་།།

ལུས་ཟག་པའི་ཕུང་བོ་འདི་ཀ་ནས་རྒུད་འགྲོ།།

རྐྱེན་འགལ་མེའི་འཁོར་ལོ་ཉིན་མཚན་དུ་བསྐོར་བ།།

བསམ་མི་ཕོད་ཨ་ཕོའི་ཁེར་རྐྱང་གི་མགུར་ཡིན།།

 

ལམ་དག་པའི་རིམ་གཉིས་རྒྱང་མཐོང་གི་སྤྲིན་པ།།

ངེད་ཕལ་བའི་ངོ་ལ་ཐོགས་པ་ཞིག་མེད་ཀྱང་།།

སེམས་ལྕགས་རི་སྲུང་བའི་ལས་འབྲས་ཀྱི་ཕ་ལམ།།

ཚེ་འདི་ཡི་དམ་ཚིག་མདུད་པ་ལ་སྦྲེལ་ཡོད།།

 

མཐར་ཟད་དུ་མེད་པའི་ཆོས་ཉིད་ཀྱི་གདན་ལ།།

ཉམས་སྤྲོ་བས་འཁོད་པ་སྤྲང་ཆུང་གི་རྒྱང་གླུ།།

རླུང་གསེར་མ་གཡུག་པའི་གདངས་འགྲོས་ལས་མཆེད་དེ།།

ཐེངས་ལན་འགར་ཐོས་པའི་སྨོན་ལམ་རེ་བཏབ་འགྲོ།།


  • ལེ་ཚན་སྔོན་མ།:ཡིད་དཀར་བའི་གཞེན་སྐུལ།
  • ལེ་ཚན་རྗེས་མ།:མདང་ནུབ་ཀྱི་དྲན་པ།