སྨྲ་བ་མེད་པའི་དབྱངས།

སོག་སྨྱུག        2020-05-22

དབྱངས་འཁྱག་པ་ཞིག་གི་རྒྱབ་རོལ་དུ།

ངས་སྨྲ་བ་ཉུང་བའི་བུ་མོ་ཞིག་འཚོལ་གྱིན་ཡོད།

ལོ་ཟླའི་སྙིང་བོ་འདི་དག་རླུང་ལ་བསྐུར་རྗེས།

ངས་ད་དུང་བདུད་རྩི་ཕོར་གང་ལ་འཇུས་ཏེ་

ཤུལ་དུ་ལུས།

རེད། སྒྲུང་གཏམ་ཞིག་རེད།

སྒྱུ་མའི་སྒྲུང་གཏམ་ཞིག་རེད།

སྐལ་བཟང་ཡོད་མེད་ཀྱིས་རི་མོ་ལ་འཁྲུལ་ཏེ།

ཏག་ཏག་ལོ་ཟླ་གཉིས་ལྷག་ཅིག་བརྒལ་ཟིན་མོད།

འཇའ་ཚོན་བཞིན་སྙིང་པོ་མེད་པ་ཤེས་བཞིན་དུ།

ང་ད་དུང་བྱིས་པ་ནང་བཞིན་འཇའ་ཚོན་ལ་

ཆགས་མྱོང་།

རེད། འཁྲུལ་བ་ཞིག་རེད། རྨི་ལམ་ལྟ་བུའི་འཁྲུལ་བ་ཞིག་རེད།

ལས་དབང་གི་འགྱུར་བ་སྡུག་དམོད་བཏང་ནས།

སྨོན་པའི་ཆུ་བོ་དྭངས་གསལ་དེའི་འགྲམ་ངོགས་སུ།

ངས་ཁོ་མོའི་གཉོམ་དུང་དུང་གི་ཆ་བྱད་དེ་དྲན་ན།

ང་ད་དུང་བློས་གཏོང་མི་ཐུབ་པའི་བྱ་དངོས་ཅི་

ཞིག་ལྷག་ཡོད།

རེད། གྱེས་བྲལ་ཞིག་རེད། ཡ་ང་བའི་གྱེས་

བྲལ་ཞིག་རེད།

གཏམ་རྒྱུད་ཅིག་ལ་འཁྲེང་ཞེན་གྱིས་རི་མོ་བྲིས་ནས།

བཞུད་ཟིན་པའི་ལྷིང་འཇགས་ཀྱིས་བདེན་

དཔང་བྱས་ན།

བརྗོད་མི་ཚར་བའི་འུ་གཉིས་ཀྱི་འདས་དོན་

མཐའ་དག

ང་ད་དུང་ལྷག་ཡོད་པའི་ན་ཟུག་གི་རོལ་དབྱངས་

ཤིག་ཡིན།

རེད། སྐྱོ་གཞས་ཤིག་རེད། མིག་ཆུ་ཐོར་བའི་

སྐྱོ་གཞས་ཤིག་རེད།

ཁོ་མོར་དུང་བའི་སྟབས་ཀྱིས་ངས་གཞས་ཤིག་བཏང་།

ཁ་དོག་ཡལ་བའི་གཞས་ཚིག་འདི་ཀོ་གཏན་དུ་

མེད་ན་བསམ།

སྔར་བཞིན་དབྱར་གསུམ་གྱི་ཆར་བ་འབབ་

མགོ་བརྩམས།

ང་ད་དུང་སླར་ཡང་གནས་དེར་ཅེར་ནས་ཁོ་

མོར་འབོད་ཀྱིན་གདའ།

རེད། ལས་དབང་རེད། ཁ་དོག་བྲལ་བའི་

ལས་དབང་ཞིག་རེད།

  • ལེ་ཚན་སྔོན་མ།:ཨ་མར་བརྩེ་ཞེན་གྱིས་ཕུལ་བའི་མགུར།
  • ལེ་ཚན་རྗེས་མ།:ཉི་ཤུའི་སྣང་བ་ཁྲ་ཁྲའི་མདོ།