ཉི་ཤུའི་སྣང་བ་ཁྲ་ཁྲའི་མདོ།

རྡོ་རིས།        2020-05-22

ཐང་ཆེ་ཆུང་གི་ས་མཚམས་ཉུལ་ནས།།

ལམ་དཀའ་སྡུག་གི་རི་མོ་འབྲི་བཞིན།།

གཉོམ་དུང་དུང་གི་བྱམས་པ་དྲན་ནས།།

སེམས་བསམ་པ་ཡི་འདྲིས་མདོ་དེ་རུ།།

སྟོད་སྡེ་ཆེན་དང་སྡེ་ཆུང་བརྒྱུད་མྱོང་།།

ལས་རྒྱུ་འབྲས་ཀྱི་འཁོར་ལོ་བརྗིད་པོ།།

གཞི་སྣང་སྲིད་ཀྱི་ཀ་བར་བཏགས་ནས།།

ལམ་རྟེན་འབྱུང་གི་འབྲས་བུ་འདི་དང་།།

ནུབ་བདེ་ཆེན་གྱི་ཞིང་མཆོག་དེ་ཡང་།།

ཁྱོད་འུ་གཉིས་ཀྱི་བསགས་འབྲས་ཡིན་ནོ།།

ལུས་ཁ་བ་དང་ཆར་པས་བརླན་ཀྱང་།།

ཡིད་གུར་ཁང་དུ་མེ་ཏོག་བཞད་ནས།།

གཞོན་བྱིས་པ་དང་མེ་ཏོག་ཚོམས་བུ།།

སེམས་དྭངས་གཙང་གི་རབ་ཁ་ཡོད་ན།།

སྨན་སྒྲོལ་མ་དང་བརྩེ་བ་འགྲེལ་ཆོག།

ལམ་རིང་ཐུང་གི་རྐང་ལམ་འདི་ཡང་།།

སྙིང་ཆུང་ཆུང་གི་འཕར་རྩ་མྱུར་མྱུར།།

མཚན་རྨི་ལམ་ལའང་ཞེན་ཆགས་ཡིན་ན།

བྱེའུ་འཇོལ་མོ་དང་སེམས་ཀྱི་གཡུ་ལོ།།

ལས་དཀར་ནག་གི་དྲིལ་བུ་དཀྲོལ་ཆོག།

སྔོན་བསོད་ནམས་ཀྱི་ནོར་བུ་ཡོད་ན།།

ཡུལ་མེ་ཏོག་དང་བཀྲ་ཤིས་ལུང་པར།།

སྐྱིད་ལྷན་འཛོམས་ཀྱི་དགའ་སྤྲོ་རེ་རེ།།

ལོ་ཆེ་ཆུང་གི་མཚམས་སུ་རོལ་ནས།།

སྡེ་ཆུང་ཆུང་གི་དབུས་སུ་གྱེར་ཆོག།

གཞི་བཀྲ་ཤིས་ཀྱི་གཡང་གི་ལུང་པར།།

ལས་རྟེན་འབྲེལ་གྱི་འཁྲི་ཤིང་མཆོག་ལྡན།།

ཆུང་ཚེ་འགྲོགས་ཀྱི་སྨོན་ལམ་གྲུབ་ན།།

འབྲས་ལྗོན་བཟང་གི་སྙེ་མ་བཞད་ནས།།

ཆུང་གཡུ་སྦྲང་གི་མེ་ཏོག་འཁྲུངས་ཤོག།

གཟུགས་ལང་ཚོ་དང་ཉི་མའི་འོད་ཟེེར།།

ཞོགས་སྐྱ་རེངས་ལ་གཅིག་ཏུ་ཆགས་ན།།

མཚོ་དྭངས་གསལ་གྱི་བརྩེ་བ་ཟབ་མོ།།

ཡུལ་ལུང་པ་འདིའི་དབུས་སུ་མཆེད་ན།།

གཞོན་སྣང་བ་ལ་གཤོག་པ་ལོས་ཐོགས།།

རི་མཐོན་པོ་དེར་སྨུག་སྨིན་འཁྱིལ་ནས།།

སེམས་དྭངས་གསལ་གྱི་མེ་ལོང་ངོས་སུ།།

རྡུལ་ཕྲ་རགས་ཀྱིས་མཚོན་པར་མ་ནུས།།

ལྷ་སྒྲོལ་མ་དང་རང་བཞིན་གཅིག་པའི།།

སྨན་སྒྲོལ་མ་འདི་བརྩེ་བའི་མཛོད་ཡིན།།

སྤང་མེ་ཏོག་བཞིན་བཞད་པའི་སྒྲོལ་མ།།

ཆར་བསིལ་མ་བཞིན་འབབ་པ་བདེན་ན།།

དབྱར་ཟླ་གསུམ་གྱི་སྟོད་སྨད་བར་ནས།།

ལུས་ཁྲུས་ཆབ་ཀྱིས་དངོས་གྲུབ་སྩོལ་ལ།།

ཞེ་མཐུན་སེམས་ཀྱི་ཟམ་ཆེན་བརྒལ་ཤོག།

ཡར་གཟུགས་མཛེས་ཀྱི་དབྱངས་ཅན་ལྷ་མོ།།

ཞིང་མི་འགྱུར་གྱིས་ལྷོ་ཕྱོགས་གནས་ནས།།

མར་འཁོར་བ་ན་འཁྱམས་པའི་བདག་ལ།།

དབྱངས་སྙན་དངགས་ཀྱི་ཟིལ་བུ་ཁྲོམ་ཁྲོམ།

ཡང་སྡེབ་སྦྱོར་གྱིས་སྙན་ཆ་ལེགས་ལེགས།།

  • ལེ་ཚན་སྔོན་མ།:སྨྲ་བ་མེད་པའི་དབྱངས།
  • ལེ་ཚན་རྗེས་མ།:ཉི་མ་འོད་ཆེན།