ཕ་མར་ཕུལ་བའི་གཞས།

འཁོན་སྲས་རྣོ་ཟེར།        2017-06-22

ཆོས་ཀུན་སྟོང་བར་ངེས་པའི་བྱེ་ཐང་ནས།།

རིན་ཆེན་རྣམ་གསུམ་གཙུག་གི་རྒྱན་བཀུར་ན།།

གང་གི་ཡིད་ལ་དྲན་པའི་ཕ་མ་ཟུང་།།

བྱང་ཆུབ་ལམ་ལ་གོམས་པར་བྱིན་གྱིས་བརླབས།།

ཚེ་རབས་དུ་མའི་ཚོགས་བསཊ་སྒྲིབ་སྦྱང་མཐུས།།

ཚེ་གཅིག་བུ་རུ་སྐྱེས་པ་ད་རེ་བས།།

ཚེ་སྲོག་མར་མེའི་སྡོང་བུ་སྦྱིན་མཁན་ལ།།

ཚེ་འདིའི་ཐོག་ནས་དྲིན་ལན་མཇལ་ཐུབ་ཤོག།

རང་ལ་ཉོན་མོངས་བག་ཆགས་ཟབ་དྲག་པས།།

ཐར་བའི་གོ་འཕང་ཐོབ་ལ་ཐག་རིང་ཡང་།།

བསླུ་མེད་སྐྱབས་ཀྱི་དང་མ་གང་དེ་ཡིས།།

བདག་གི་ཕ་མ་ཟུང་ལ་གདོང་གྲོགས་མཛོད།།

སྙིགས་དུས་མི་ལས་སྙིགས་མ་མ་བདོ་བའི།།

དད་དང་དམ་ཚིག་སེམས་སུ་རྟག་བརྟན་པས།།

ལྔ་བཅུའི་སྐས་ལ་འཛེགས་པའི་ཕ་མ་ཡི།།

ཡང་དག་ལམ་ལས་ཡང་དག་ས་ཐོབ་ཤོག།

ཆོས་དང་ཆོས་མིན་འདྲེས་བའི་རི་གྲོང་ནས།།

འཁོར་འདས་གཉིས་ལས་ཕྱི་མ་དོན་གཉེར་མཁན།།

བརྒྱ་ཆའི་ཉུང་ཙམ་ཡོད་པའི་གྲལ་མཐའ་རུ།།

བདག་གི་ཕ་མ་ཟུང་འདི་ཚུད་པར་ཤོག།

ཐེངས་རེར་ངེས་འབྱུང་སྤུ་གྲུ་རྣོན་པོ་དེས།།

འཁོར་བའི་ཆོས་ལ་བཞི་ཤད་འགོད་རན་ཡང་།།

བདག་སོགས་ཕན་མི་ཐོག་ས་པའི་མིང་སྲིང་ཁྱུར།།

ཕྱིར་མིག་ཐོགས་པའི་གཞིར་གྱུར་ཤུ་རེ་ཁོ།།

ཉི་ཤུའི་སྐས་ལ་འཛེགས་པའི་བདག་སོགས་ཀྱིས།།

རང་དོན་ཙམ་ཡང་སྔར་བཞིན་འགྲུབ་དཀའ་བས།།

བྱང་སེམས་གོ་ཆ་བགོས་པའི་ཕ་མ་ལ།།

ཡང་དག་ལམ་ལ་སློབ་པའི་ལམ་འགོགས་མྱོང་།།

འཁོར་བ་ཟེར་བའི་གྲོག་ཚང་མཚར་བོ་འདིར།།

ཁྱོད་རང་མཁོ་དང་མི་མཁོའི་རྣམ་གཞག་མེད།།

ནམ་ཞིག་སྲོག་གི་དབང་བོ་འགགས་པའི་ཚེ།།

ཁྱོད་ནི་མེད་ཀྱང་འཁོར་བ་སྔར་བཞིན་ནོ།།

གང་ལྟར་དལ་བརྒྱད་འབྱོར་བཅུ་སྦྱིན་པ་པོ།།

དཔྲལ་བའི་མིག་བཞིན་གཅེས་བའི་ཕ་མ་ཟུང་།།

སྔོན་ནས་ད་བར་ངེད་ཅག་ལེགས་བསྐྱངས་བས།།

ད་ནི་ང་ཚོའི་ལང་ཚོ་དར་ལ་བབས།།

ཅི་ཙམ་འཁོར་བའི་འདམ་རྫབ་རྫོབ་པོ་ལས།།

ངེད་ཅག་ཆེད་དུ་འབད་ཀྱང་གྲུབ་འབྲས་དབེན།།

དེ་བས་ད་རེས་དམ་པ་དམ་ཆོས་ལ།།

མཇལ་བའི་སྐལ་བཟང་འདི་ལ་དམ་ཆོས་སྒྲུབ།།

ནམ་ཞིག་འཁོར་བའི་མཚོ་ལས་བགྲོད་པ་ལ།།

དེད་དཔོན་དམ་པ་དམ་ཆོས་འདི་ཉིད་ལས།།

བུ་རྒྱུད་གཉེན་ཉེ་ཟེར་བའི་དཔུང་སྡེ་འདིའི།།

ཕན་གནོད་གཉིས་ལས་གནོད་པ་སྐྱེལ་བར་ངེས།།

ཕ་མ་ཟུང་ནི་ཉི་ཟླ་རྙེད་མེད་ཕྱིར།།

བསམ་ཞིང་བསམ་ན་རང་གི་སྲོག་ལས་གཅེས།།

དེ་བས་བདག་སོགས་མིང་སྲིང་ཕྱིན་དྲུག་སྡེས།།

དམ་ཆོས་སྒྲུབ་པའི་སྐལ་བ་ཅིས་ཀྱང་སྤྲོད།།

འདི་ཕྱི་གཏན་གྱི་བདེ་བ་མཐར་ཐུག་པ།།

ཡང་དག་དམ་ཆོས་སྒྲུབ་ལས་གཞན་མེད་ཕྱིར།།

བྱ་རྒོད་རྙི་ལས་ཐར་བའི་རྣམ་ཐར་སྒོམས།།

ཕྱིར་མིག་མ་གཡར་དམ་ཆོས་སྒྲུབ་ལ་བརྩོན།།

ལས་འབྲས་མངོན་ལྐོག་མེད་པར་རྩི་བའི་མིར།།

བདེ་ནས་བདེ་བའི་ས་རུ་བགྲོད་པས་ན།།

དགེ་བསྙེན་སྡོམ་དང་དམ་ཚིག་བསྲུང་བརྩོན་ན།།

བསླུ་མེད་མགོན་དེས་ནམ་ཡང་བསླུ་མི་སྲིད།།

མདོར་ན་ད་ནས་ཚེ་རབས་ཐམས་ཅད་དུ།།

དུཿཁའི་གདུང་བ་རྒོད་པའི་འཇིག་རྟེན་ནས།།

ནས་ཀྱི་ས་བོན་མེར་བསྲེགས་འབྲས་མེད་བཞིན།།

བཞིན་བཟང་ཕ་མའི་བདག་མེད་རྟོགས་པར་ཤོག།


  • ལེ་ཚན་སྔོན་མ།:སྙིང་གཏམ་ཕར་ལབ་ཚུར་ལབ།
  • ལེ་ཚན་རྗེས་མ།:སྡོང་ལོ་སེར་པོ།