ལྷ་རྗེ་མི་རུ་བབས་པ།

ཙ་སུར་སྦྱིན་པ།        2020-03-27

ལྷ་རྗེ་མི་རུ་བབས།

མི་བུ་ལྷ་རྗེ་རུ་གྱུར་པ།

ཅི་འདྲའི་རྨད་བྱུང་གི་སྐལ་བ་ཞིག་རེད་ཨང་།


མི་སེམས་ལྷ་ཡིས་སྐྱབས།

ལྷ་སེམས་མི་ཡིས་བཅོས།

ནད་པ་སྨན་གྱིས་གསོས།

འདི་ནི་ལྷ་རྗེ་མི་རུ་བབས་པའི་ལྷ་ཚོགས་ཤིག


གོས་དཀར་པོ་ཅན་ཀྱི་རུ་དཔུང་།

གློ་དཀར་པོ་ཅན་གྱི་སྙིང་སྟོབས།

སེམས་དཀར་པོ་ཅན་གྱི་ལྷག་བསམ།

ཅི་འདྲའི་གཞལ་དུ་མེད་པའི་བྱ་གཞག་ཅིག


འདི་ནི་གོང་ནས་མ་གནང་ཞིང་།

གནམ་ནས་མ་བབས་པ།

ཞོལ་ནས་མ་ཕུལ་ཞིང་།

ས་ནས་མ་སྐྱེས་པའི་སེམས་དཔའི་དཔུང་སྡེ་ཞིག


ཉིན་མཚན་དབྱེར་མེད་དུ།

རྒྱབ་ཀྱི་གོས་མ་ཕུད་ཅིང་མིག་གིས་ནད་པ་མ་བོར་བར།

འདུག་ས་རྐུབ་སྟེགས་དང་བལྟ་ས་ནད་ཡམས།

ཉལ་ས་རྡོ་གཅལ་དང་ཟ་ས་ཤོག་ཕོར་དང་མ་བྲལ་བའི་ཁྱེད་ཚོ།

ལྷ་རྗེ་མི་རུ་བབས་པའི་སེམས་དཔའ་སེམས་མའི་ཚོགས་

དེ་ཅི་ལ་མིན།


དཀའ་བས་ཚེགས་ཕུད།

ལས་ཀྱིས་ནད་བཅོས།

ཚུར་རྒོལ་མེད་རུང་ཕར་རྒོལ་ལ་བྲེལ།

ནང་མི་བཞག་སྟེ་གཞན་མི་སྐྱོབ་པའི་རིམས་ནད་འཇོམས་པའི་

འཐབ་མོ་བ།

ཁྱེད་ཚོ་དེང་གི་དཔའ་བོ་དང་དུས་ཀྱི་རླབས་ཆེ་བའི་མི་སྣ་ཏག་

ཏག་ཡིན།


མི་ཞུམ་པའི་གདེང་ཐོབ།

མི་སྔངས་པའི་དཔའ་བརྙེས།

མི་འཇིགས་པའི་གོ་ཆ་གྱོན་ཏེ།

མི་མཐུན་པའི་རིམས་ནད་ལ་འཐབ་འཛིང་བྱེད།

མི་འགྱངས་པར་གཡུལ་འགྱེད་འདི་ལས་རྣམ་པར་རྒྱལ་བའི་

ཆོད་སེམས་བརྟན།


དུས་ཀྱི་དཔའ་བོ་དང་།

ལྷ་རྗེ་མི་རུ་བབས་པའི་སྨན་པ།

མི་རྗེས་བླ་རུ་བཀུར་བའི་ནད་སེལ་གྱི་འགྲོ་བའི་མགོན་པོ།

ནད་པའི་མིག་དང་སྨན་པའི་དོན་དུ་འགྱུར་བའི་ཁྱེད་ཚོ།

མི་རིགས་དང་རྒྱལ་ཁབ་ཀྱི་ལས་དབང་ཕྲག་ཏུ་བླངས་པའི་

གདོང་མཆོང་བ་ཡིན།


གཞན་དོན་སྒྲུབ།

མིང་དོན་མཚུངས།

རྒྱལ་ཁབ་སྐྱོབ།

འདི་ནི་ལྷ་རྗེ་མི་རུ་བབས་པའི་སེམས་གཤིས་དང་།

བཅོས་མིན་དོན་གྱིས་སྒྲུབ་པའི་རུ་དཔུང་ཁག་ཅིག་གི་ལ་རྒྱའི་

རང་སྒྲ་ཡིན།


ལྷ་རྗེ་མི་རུ་བབས་པའི་སྨན་པ།

འགྲོ་བའི་ནད་རིམས་སེལ་བའི་དྲང་སྲོང་འཚོ་བྱེད།

ཡི་རངས་དང་གུས་འདུད་མ་བོར་བར་སླར་ནས་སླར་དུ།

ཁྱེད་ཚོ་ལྟ་བུ་ལྷ་རྗེ་མི་རུ་འབབ་པའི་རེ་སྨོན་དང་ཡིད་ཆེས་

གྲངས་མེད་ཀྱིས་བརྟས་སོ། །

  • ལེ་ཚན་སྔོན་མ།:གོས་དཀར་ནང་གི་དཔའ་བོ་དེ་དག
  • ལེ་ཚན་རྗེས་མ།:གོས་དཀར་ལྷ་རྗེར་ཕུལ་བའི་སྙན་ཚིག་ཨུ་དུམ་ཝ་ར།