གཞས་ཤིག་ལེན་ན་འདོད།

རྡེའུ་འབུམ།        2020-03-26

དབེན་པའི་རི་ཁྲོད་ཀྱི་རྣལ་འབྱོར་པ་ཚོའི།

བདེ་སྟོང་སྙོམས་འཇུག་གི་དམིགས་རྟེན་དང་།

མི་སྡུག་པའི་ཏིང་ངེ་འཛིན་གྱི་བསྒོམ་བྱར་གྱུར་པའི།

འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོའི་གཏིང་ནས།

འཁྲུལ་འཛིན་དང་།  གཏི་མུག་གི་ཁ་ཟས་ལྟ་བུའི།

བདེ་དགེ་མཛེས་གསུམ་གྱི་ཀུན་རྫོབ་ཡོད་དོ་ཅོག

སྙན་ལྷང་ལྷང་གི་དབྱངས་རྟ་ལ་དྲངས་ནས།

དཔའ་བོའི་སྣང་བརྙན་སྲོག་ཏུ་སྦྲུམ་པའི་གེ་

སར་རྒྱལ་པོའི་སྒྲུང་བཞིན།

འབྲོག་མོའི་བཞོ་དབྱངས་དང་ལྷན་དུ།

རོང་བའི་གྱང་གླུ་དང་མཉམ་དུ།

ངག་ནས་ངག་ཏུ་བརྒྱུད་དེ་ལེན་

ན་འདོད།

སེམས་ནས་སེམས་སུ་སྤོས་ཏེ་ལེན་

    ན་འདོད།

ལེན་ན་འདོད།  

སྙན་ངག་མཁན་པོ་སུས་ཀྱང་

མགྲིན་ལམ་ནས་འབུད་

མ་ཐུབ་པའི།

སེམས་འགྱུ་ཕྲ་མོ་དེ་དག་

གླུ་རུ་ལེན་ན་འདོད།

                


  • ལེ་ཚན་སྔོན་མ།:རྟའུ་བདེ་སོང་།དཀར་མཛེས་དཀར་སོང་།
  • ལེ་ཚན་རྗེས་མ།:རྟའུ། ཁྱོད་ནད་ལས་གྲོལ་བར་རྟེན་འབྲེལ་ཞུ།