རྟའུ་ལགས། ཞུམ་ཞུམ་མ་གནང་།

སྟག་རིག་འབྲུག་ཐར།        2020-02-20

རབ་བརྗིད་རི་རྒྱུད་ལྷུན་པོས་ཕྱོགས་བཞི་ནས་བསྐོར་ཡང་།།

མི་འདོད་ནད་དུག་གནམ་ལྕག་ཐོག་མདའ་དང་འདྲ་བ།།

ས་དབྱིབས་ཅང་ཤེས་ཚུལ་གྱིས་རྟའུ་ཞེས་ཐོགས་པའི།།

མཛེས་སྡུག་ཡུལ་གྲུ་འདི་ལ་བྱོལ་མེད་དུ་འཕངས་སོང་།།


ཁྲ་ཚོན་དར་ལྕོག་རྒྱལ་ཆེན་རིགས་བཞི་ལྟར་འགྲེངས་ཀྱང་།།

གཟུགས་མེད་རིམས་ནད་བརྩེ་བྲལ་གཤོག་ཐོགས་དང་མཚུངས་པ།།

ཝུའུ་ཧན་གྲོང་དང་བར་ཐག་རྒྱང་གྲགས་ཀྱིས་ཆོད་ཀྱང་།།

མི་གཟུར་ཐོལ་གྱིས་རྟའུར་འཁེལ་ཚུལ་འདི་སྐྱོ་ཨང་།།


ལུང་གཞུང་ཆེན་པོའི་དཀྱིལ་ན་རང་བྱུང་དུ་ཆགས་པའི།།

གནའ་བོའི་བཟོ་བཀོད་མ་ཉམས་རྡོ་ཁང་གི་གྲོང་འདིར།།

ཁ་རས་དམ་པོར་རྒྱག་པའི་དཔེ་སྲོལ་ནི་གོམས་མེད།།

ཕྱག་ཟུང་ཡང་ཡང་བཀྲུ་བའི་གཙང་སྦྲ་ལ་ལོབས་མེད།།


གཟི་འོད་ལམ་ལམ་འཚེར་བའི་མཆོད་རྟེན་གྱི་མཐའ་ན༎

མ་ཎི་ཚེ་འཁོར་རང་སྒྲ་མཚམས་མེད་དུ་སྙན་པའི།།

ཕྱག་སྐོར་མཆོད་མཇལ་རྩེ་གཅིག་དད་པ་ཡི་འདུ་ལོང་།།

བསྐོར་དང་སྐོར་བགྱི་སྤྲིན་དཀར་ཚོམ་བུ་ཡི་ངང་ཚུལ།།


གློ་བུར་ཞེ་རྩ་འདར་བའི་ནད་དུག་གི་འདྲེ་ལག།

རྟའུའི་མི་དམངས་གསེང་ལ་ཚོད་མེད་དུ་བསྲིངས་རུང་།།

གསོ་བཅོས་ཆ་རྐྱེན་ཞན་པའི་མཐོ་སྒང་གི་ཡུལ་གྲུར།།

ནད་གདོན་རིངས་པར་སྐྲོད་པའི་མགོན་སྐྱོབ་དེ་ལྷགས་བྱུང་།།


རང་དོན་རྒྱབ་ཏུ་བསྐྱུར་ཞིང་གཞན་དོན་ལ་རེམ་པའི།།

བྱང་སེམས་བདག་ཉིད་འཆང་བའི་གོས་དཀར་གྱི་ལྷ་རྗེས།།

འཆི་གསོན་རབ་ཁར་འགྲེང་སྟེ་སྲོག་བསྡོས་ཀྱི་འབད་པས།།

ནུས་པ་བླ་ལྷག་བཏོན་པ་རེ་ལྟོས་ཀྱི་རྟིང་མ།།


དབུལ་ཕྱུག་མི་དབྱེ་སྐྱ་སེར་ཕོ་མོ་ཡི་ཚོགས་ཀྱིས།།

མི་སེམས་ཁབ་དང་སྐུད་པའི་ཞལ་འདེབས་ཀྱི་རྒྱུ་དངོས།།

ཟོང་འདྲེན་འཁོར་ལོས་གཅིག་མཇུག་གཉིས་མཐུད་དུ་སྐྱེལ་བ།།

རེ་སྒུག་ཀློང་གི་སྦྲང་ཆར་ཟམ་ཟིམ་གྱི་ངང་ཚུལ།།


མལ་ཁྲིའི་སྒང་དུ་འཆི་གསོན་སྐྱབས་མགོན་ལ་རེ་ཞིང་།།

རེ་ཐག་ཨེན་ཙམ་ཐོབ་པར་འཁོར་བ་ལ་འཁྲེང་ནས།།

ནད་སྡུག་གཅོང་རོང་ལས་མཐར་སྐྱོབ་འབོད་ཀྱི་ངུད་མོས།།

མི་སེམས་ཚལ་བར་གས་འདྲའི་སྐྱོ་ཤས་ཤིག་སྦྲན་ཡོང་།།


འོན་ཏེ་ནམ་ཞིག་ནད་ཡམས་བས་མཐའ་ལ་སྤྲད་དེ།།

འཇིགས་རུང་རྨི་ལམ་འཇིངས་ནས་ཐོལ་བྱུང་དུ་སད་ནས།།

ཆེད་མཁས་སྨན་པའི་ཐབས་ཤེས་ཟུང་འབྲེལ་གྱི་མཐུ་ལས།།

དུང་ཟླ་གཟའ་ལས་ཐར་བའི་སྐལ་བཟང་ཞིག་སླེབས་ངེས།།


ཡབ་མེས་སྲོལ་རྒྱུན་ཉག་ཆུ་དྭངས་མོ་དེ་བརྡོལ་སའི།།

བདེ་སྐྱིད་འཚོ་བའི་མེ་ལོང་གསལ་རྗེན་དུ་ཤར་སའི།།

མདོ་སྟོད་ཁམས་ཀྱི་མཐོ་སྒང་བཙན་ས་ཡི་བདག་པོ།།

རྟའུའི་མི་དམངས་ནད་དུག་འཆིང་རྒྱ་ལས་འགྲོལ་ངེས།།


  • ལེ་ཚན་སྔོན་མ།:བདག་གི་རྟའུ་ལུང་པ།
  • ལེ་ཚན་རྗེས་མ།:ཏོག་དབྱིབས་ནད་རིམས།